ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་ལྷན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གི་སྣེ་ཁྲིད་འོག་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པ་དང་བཞུགས་མོལ་ཚོགས་འདུ་ཚོགས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཚབ་རྣམ་པར་ཕེབས་བསུ་དང་སྦྲགས་ལྕམ་ནེན་སི་པི་ལོ་སི་མཆོག་ལ་དེ་སྔ་གནད་དོན་བརྒྱད་ཐོག་གོ་བསྡུར་ཞུས་པ་བཞིན་གནད་དོན་བརྒྱད་ཆ་ཚང་ལག་ལེན་དོན་འཁྱོལ་བྱུང་བར་ཐུགས་རྗེ་ཆེ་ཞུས་ཡོད། གནད་དོན་བརྒྱད་ཀྱི་ནང་ནས་གཉིས་ནི་བོད་དང་བཞུགས་སྒར་རྡ་སར་འཚམས་གཟིགས་སུ་ཕེབས་རྒྱུ་དེ་ཡིན།
སྐབས་དེར་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའུ་སྲིད་བྱུས་ངོ་སྤྲོད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཞག་པའི་ཐོག་ནས་འབྱུང་འགྱུར་ལོ་ལྔའི་ནང་བོད་ཀྱི་གནད་དོན་སེལ་ཐབས་བྱེད་རྒྱུ་དང་། དེ་དང་ལྷན་དུ་ལོ་ངོ་ལྔ་བཅུ་བར་བཙན་བྱོལ་དུ་ལྷག་པ་ཡིན་ནའང་བོད་མིའི་རང་དབང་འཐབ་རྩོད་དང་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་འཆར་གཞི་བང་སྒྲིག་ནས་འགྲོ་དགོས། ཞེས་གསུངས།
དེ་ནས་ལྕམ་ནེན་སི་པི་ལོ་སི་མཆོག་གིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བོད་མི་ཡོངས་ལ་འགོ་ཁྲིད་ཧ་ཅང་བཟང་པོ་གནང་གི་ཡོད་སྐོར་དང་། བོད་མིའི་མང་གཙོ་ནི་ཡང་དག་པའི་མང་གཙོ་ཞིག་ཡིན་སྐོར། དེ་སྔ་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༡༡ ནང་བོད་ནང་འཚམས་གཟིགས་སུ་བསྐྱོད་པའི་ཐུགས་དྲན་གསོ་གནང་བ་དང་སྦྲགས་ཁོང་གིས་རྒྱ་མིའི་དཔོན་རིགས་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་དང་། སྙིང་རྗེའི་རང་གཟུགས་ཡིན་སྐོར་འགྲེལ་བརྗོད་གནང་ཡོད། ཅེས་སོགས་གསུངས།
སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་གིས་ལྕམ་སྐུ་པེ་ལོ་སི་མཆོག་དེ་སྔ་བོད་ནང་འཚམས་གཟིགས་ཕེབས་སྐབས་༸གོང་ས་མཆོག་ནི་འཛམ་གླིང་ས་ཕྱོགས་ཀུན་དུ་མང་ཚོགས་ས་ཡ་མང་པོས་དགའ་མོས་ཆེན་པོ་ཞུ་ཡུལ་ཞིག་ཡིན་པ་དང་། བོད་དུ་ཕེབས་དགོས་དོན་ཡང་༧གོང་ས་མཆོག་གི་གྲོགས་པོའི་ངོ་བོའི་ཐོག་ནས་ཕེབས་པ་ཞིག་ཡོན་སྐོར་རྒྱ་ནག་གཞུང་གི་དཔོན་རིགས་རྣམས་ལ་ཐད་ཀར་གསུངས་པའི་སྙིང་སྟོབས་དེར་བསྔགས་བརྗོད་ཞུས་གནང་ཡོད།
གཞན་ཡང་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས་ལ་རེ་བ་བཟང་པོ་ཞིག་དང་གྲུབ་འབྲས་ཐོན་ཐུབ་པའི་འཐབ་བྱུས་ཤིག་ཡིན་སྐོར་དང་། དེ་བཞིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནི་གུས་བརྩི་འོས་པའི་འགོ་ཁྲིད་ཅིག་ཡིན་པ་མ་ཟད་བོད་དོན་ཐོག་དོ་སྣང་ཡོད་མཁན་ཡོངས་ལ་སེམས་ཤུགས་སྐྱེ་རྒྱུའི་འབྱུང་ཁུངས་ཡིན་པ་དང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནི་ཨ་རི་ཧར་ཝཌ་མཐོ་སློབ་ནས་ཐོན་པའི་མཁས་དབང་ཞིག་ཡིན་སྟབས་ཨ་རི་དང་དམིགས་བསལ་འབྲེལ་བ་ཡོད། ཅེས་གསུངས།
སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་གིས་སྲིད་སྐྱོང་མཆོག་གིས་འགོ་ཁྲིད་འོག་བོད་ཀྱི་གནས་དོན་ཚགས་ཚུད་ཐོག་སྣེ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཕྱོགས་མཚུངས་སྐུ་ཞབས་ཇུ་ཌི་ཅུ་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་ཡང་དག་པའི་མང་གཙོ་སྐྲུན་པར་མངགས་བརྗོད་གནང་།
ལྕམ་སྐུ་པྲ་མི་ལཇ་ཡ་པཱལ་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་ལོ་རྒྱུས་ནང་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་བྱམས་བརྩེ་ལྡན་པའི་ཐོག་ནས་བོད་ཀྱི་གནད་དོན་ཐོག་མུ་མཐུད་མདུན་བསྐྱོད་གནང་བར་བསྔགས་བརྗོད་གནང་ཡོད་པ་བཅ།།