༢༠༡༠ ཟླ་ ༡༠ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ཎ་ཌ་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས་སླར་ཡང་ཨ་རིའི་ཕོ་ལོ་རི་ཌ་མངའ་སྡེའི་ནང་ཡོད་པའི་མི་ཡ་མི་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་མི་ཡ་མི་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་ཆིབས་སྒྱུར་གོ་སྒྲིག་གནང་མཁན་སྐུ་ཞབས་བསྟན་འཛིན་དོན་ལྡན་ལགས་དང། ཕོ་ལོ་རི་ཌ་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་ (Florida International University) དང། མི་ཡ་མི་གཙུག་ལག་སློབ་ཁང་། (Miami University) ནོ་ཝ་ལྷོ་ཤར་གཙུག་ལག་སློབ་ཁང། བྷོ་རོ་ཝཊ་མཐོ་སློབ་བཅས་ཀྱི་སྐུ་ཚབ་ནས་ཕེབས་བསུ་གཟབ་རྒྱས་ཞུས། དེ་ཉིན་གྱི་ཉིན་རྒྱབ་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ཡ་མི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཚོགས་མི་དང་ལྷན་མཇལ་འཕྲད་མཛད་པ་དང་སྦྲགས་མགོན་པོ་གང་ཉིད་མཆོག་གིས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་བ་དེས་འཛམ་གླིང་ཡོངས་ལ་བློ་སྤོབས་སྐྱེས་ཀྱི་ཡོད་ཅེས་བཀའ་སློབ་སྩལ། དེ་རྗེས་༸གོང་ས་མཆོག་ཕོ་ལོ་རི་ཌ་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་གི་ཆོས་ཀྱི་སློབ་ཁྲིད་ཚན་པས་ཕེབས་བསུའི་མཛད་སྒོའི་ཐོག་ལྷན་ཞུགས་མཛད། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་འཛམ་གླིང་ཆོས་ལུགས་ཀྱི་གལ་གནད་(Significance of World Religion) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད། ཉིན་རྒྱབ་དཀའ་ངལ་གྱི་དུས་སྐབས་སུ་བདེ་སྐྱིད་འཚོལ་བ། (The Quest for Happiness in the Challenging Times) ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ཎ་ཌའི་མཛད་འཕྲིན་རྣམས་ལེགས་གྲུབ་རྗེས་སླར་ཡང་ཨ་རིའི་མི་ཡ་མིར་ཆིབས་སྒྱུར་བསྐྱངས་པ།
གསར་གནས།
འབྲེལ་གནས།