༢༠༡༧ ཟླ་ ༥ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢ ཉིན་གྱི་སྔ་དྲོ་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨི་ལེ་ཡ་ན་ལེ་ཊི་ནེན་ Ileana Ros-Lehtinen མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་དོན། དཔལ་ལྡན་ཚོགས་གཙོ་མཆོག དེ་རིང་ང་རང་འདིར་ལངས་ནས་སྐད་ཆ་ཤོད་རྒྱུ་འདི་རང་གི་སྙིང་ནང་ཧ་ཅང་རྩ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་པའི་སྐད་ཆ་ཞིག་ཤོད་འདོད་བྱུང་། དེ་ནི་བོད་མིའི་དཀའ་ངལ་དང་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་གནད་དོན་སྐོར་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་བཙན་དབང་འོག་སྐྱབས་བཅོལ་དུ་བཞུགས་ཞག་མཛད་དགོས་པའི་གནས་སྟངས་འདི་ནི་བོད་མི་རྣམས་ལ་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ཡིན།
བྱམས་བརྩེ་ལྡན་ཞིང་ཐུགས་སེམས་ཧ་ཅང་བཟང་བའི་སྐྱེས་བུ་འདི་ལྟ་བུ་ཞིག་ལ་རྒྱ་ནག་དམར་ཤོག་ཚོགས་པས་ལོ་ངོ་ ༦༠ རིང་རང་ཡུལ་དུ་ཕྱིར་༸ཞབས་སོར་འཁོད་མ་བཅུག་པ་མ་ཟད། བོད་མི་རྣམས་ལ་ཆེད་མངགས་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཙམ་ཡང་མ་སྤྲད་པར་མུ་མཐུད་སྡུག་སྦྱོང་མནར་གཅོད་བཏང་བ་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད།
ཕྱི་ལོ་ ༢༠༠༧ ལོར་ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་ཁྲིམས་འཆར་བཏོན་པ་ཡིན། འོན་ཀྱང་ལོ་ངོ་བཅུ་ཕྲག་སོང་ཡང་བོད་ཀྱི་གནད་དོན་ཟུར་ཕུད་བྱས་ནས་ལྷག་པ་ནི་ཧ་ཅང་བློ་ཕམ་གྱི་གནས་རེད། ནོར་འཁྲུལ་དེ་བོད་མི་ཙམ་མ་ཟད། ཨེ་ཤི་ཡའི་གླིང་ཆེན་ཡོངས་རྫོགས་ལ་རྗེས་འབྲས་ངན་པ་ཞིག་ཡོང་ངེས་ཡིན།
འཛམ་གླིང་ཡང་ཐོག་ཏུ་གྲགས་པའི་བོད་ནི་ཨེ་ཤི་ཡའི་གཙང་པོ་གཙོ་ཆེ་ཁག་མང་པོ་ཞིག་གི་འབྱུང་ཁུངས་ཆགས་ཡོད་སྟབས། རྒྱ་ནག་གཞུང་གི་བོད་ནང་བརྟན་ལྷིང་མེད་པའི་གནས་སྟངས་བཟོ་བཞིན་པ་དེས་གཡས་གཡོན་ཁྱིམ་མཚེས་རྒྱལ་ཁབ་ཚང་མའི་བདེ་འཇགས་ལ་དོ་ཕོག་གཏོང་རྒྱུའི་ཉེན་ཁ་ཧ་ཅང་ཡོད།
ཟླ་བ་སྔོན་མའི་ནང་ཕྲན་གྱིས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་དང་ལྷན་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཞུ་སྙན་ཞིག་ཕུལ་བ་བརྒྱུད། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་དགོས་པའི་རེ་འདུན་བཏོན་ཐུབ་པ་དེར་ང་རང་དགའ་སྤོབས་ཧ་ཅང་བྱུང་བ་མ་ཟད། སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་གིས་ཨར་རྒྱ་ཡུལ་གཉིས་དབར་ཕན་ཚུན་འདྲ་མཉམ་ཐོག་ནས་གོ་སྐབས་བརྗེ་ལེན་ Reciprocal Access to Tibet Act བྱ་རྒྱུའི་ཁྲིམས་འཆར་ཐོག་རྒྱབ་སྐྱོར་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེར་ང་རང་དགའ་སྤོབས་ཧ་ཅང་བྱུང་། བོད་ནང་ཨ་རིའི་མི་སེར་སུ་འདྲ་ཞིག་འགྲོ་བསྐྱོད་བྱ་རྒྱུར་དམ་བསྒྲགས་བྱེད་ཚེ་འབྲེལ་ཡོད་རྒྱ་རིགས་ལས་བྱེད་དེ་ཨ་རིའི་ནང་ཡོང་རྒྱུར་མཐོང་མཆན་མ་སྤྲད་པར་དམ་བསྒྲགས་གནང་དགོས།
བདུན་ཕྲག་སྔོན་མའི་ནང་གནད་དོན་འདིའི་ཐོག་རྒྱལ་སྤྱིའི་དོ་སྣང་དང་རྒྱབ་སྐྱོར་ཐོབ་ཆེད་ལས་འགུལ་སྤེལ་མཁན་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gere ལགས་དང་ཐུག་འཕྲད་བྱུང་བར་དགའ་པོ་བྱུང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས། བཟོད་པའི་ཉམས་ལེན་བྱེད་སྐབས་རང་གི་བཤེས་གཉེན་མཆོག་དེ་རང་གི་དགྲ་བོ་ཡིན། ཞེས་བཀའ་སློབ་སྩལ་ཡོད། ང་ཚོ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མིའི་ཚབ་བྱས་ནས་ཆིག་སྒྲིལ་ངང་རྒྱ་ནག་དམར་ཤོག་གིས་འཇིགས་སྐུལ་གཏོང་བཞིན་པའི་བྱ་སྤྱོད་ལ་གདོང་ལེན་བྱེད་བཞིན་ཡོད། ཅེས་གསུངས།།