༢༠༡༧ ཟླ་ ༥ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༨ ཉིན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ས་ལུ་སྒར་ནས་རྡོར་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས་རྡོར་གླིང་ས་གནས་འགོ་འཛིན་གྱིས་སྣེ་ལེན་ཞུས། དེ་རྗེས་ཁར་ཤང་ས་གནས་སུ་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ཚོགས་སྡེ་ཁག་བརྒྱད་ཀྱི་སྐུ་ཚབ་བཅས་ནས་ཕེབས་བསུ་ཞུས། རྡོར་གླིང་ས་གནས་སུ་འབྱོར་མཚམས་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་མགྲོན་ཁང་དུ་སློབ་གྲྭའི་སློབ་སྤྱི་དང། རྩིས་དྲུང་། དགོན་སྡེ་ཁག་གི་སྐུ་ཚབ། ལྕགས་པོ་རི་བོད་སྨན་སློབ་གཉེར་འགན་འཛིན་དང་མི་མང་བཅས་ནས་ཕེབས་བསུ་ཟབ་རྒྱས་ཞུས། འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་འགན་འཛིན་ལྷན་ཚོགས་མཉམ་ཚོགས་འདུ་དང་རིག་གཞུང་གཅེས་ཁང་གི་འགྲེམས་སྟོན་ཁང་དུ་འཚམས་གཟིགས་གནང་།
དེ་རྗེས་བཀའ་བློན་མཆོག་རྡོར་གླིང་རང་འཚོ་བཟོ་གྲྭར་འཚམས་གཟིགས་གནང་། དེ་ཉིན་ཉིན་རྒྱབ་ཕུན་ཚོགས་པདྨ་ཆོས་གླིང་དང་། ཨོ་རྒྱན་ཀུན་བཟང་ཆོས་འཁོར་གླིང་། ཕུན་ཚོགས་རྔ་ཡབ་གླིང། ཡིད་དགའ་ཆོས་གླིང་། ས་སྐྱ་གུ་རུ་དགོན་པ། འབྲུག་ཐུབ་བསྟན་གསང་སྔགས་ཆོས་གླིང་བཅས་དགོན་སྡེ་ཁག་དྲུག་ལ་གནས་གཟིགས་གནང་། དགོང་དྲོ་ས་གནས་འགོ་འཛན་དང་ཚོགས་སྡེ་ཁག་གི་སྐུ་ཚབ་མཉམ་བཞུགས་མོལ་ཚོགས་འདུ་གནང་།
ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ཚོུད་ ༩ ཐོག་བཀའ་བློན་མཆོག་རྡོར་གླིང་གཏན་སློབ་ཏུ་འཚམས་གཟིགས་ཕེབས་སྐབས་སློབ་ཕྲུག་རྣམས་ནས་རོལ་དབྱངས་དང་རུ་སྒྲིག་སྒོ་ནས་ཕེབས་བསུ་ཞུས། སློབ་གྲྭའི་སྤྱི་ཁྱབ་འགན་འཛིན། རེག་ཀྲར་དང་སློབ་དགེ་མཉམ་མཇལ་འཕྲད་དང་སློབ་ཕྲུག་ཚོར་བླང་དོར་གསུང་བཤད་གནང་། དེ་རྗེས་སློབ་གྲྭའི་ཚོགས་ཁང་ནང་མི་མང་ཚོགས་ཆེན་ཐོག་གསུང་བཤད་གནང་། དེ་ནས་ཉིན་རྒྱབ་སུ་ཁེ་ཡེ་ཀིར་ཏི་དགའ་ལྡན་ཆོས་གླིང་དང་མི་རིག་འབོ་དཀར་ངེས་དོན་ཆོས་འཁོར་གླིང་བཅས་དགོན་ཁག་གཉིས་ལ་གནས་གཟིགས་ཕེབས།
ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཚོུད་ ༨ ཐོག་བསུ་ན་མདའ་བཀྲིས་གླིང་བོད་མིའི་གཞིས་སྒར་དུ་ཕེབས་ཐོན་གྱིས་ས་གནས་ལས་ཁུངས་དང། སྨན་ཁང་། སློབ་གྲྭའི་ཉལ་ཁང་ཁག གཞིས་སྒར་ཀྱི་ས་ཞིང་བཅས་ལ་འཚམས་གཟིགས་གནང་། དེ་རྗེས་ས་གནས་ཀྱི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། ས་འགོ། འབྲེལ་མཐུད་པ་བཅས་ཚང་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་གནང་། དེ་བཞིན་མང་ཚོགས་དང་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་།
ཕྱི་ཟླ་ ༥ ཚེས་ ༡ ཉིན་བཀའ་བློན་མཆོག་བསུ་ན་མདའ་གཏན་སློབ་ཀྱི་ཡིག་ཚང་དང་འཛིན་ཁང་ཡོངས་རྫོགས་ལ་འཚམས་གཟིགས་གནང་རྗེས་སློབ་གྲྭའི་དགེ་ལས་མཉམ་ཚོགས་འདུ་དང་སློབ་ཕྲུག་ཚོར་ཤེས་ཡོན་གང་ལེགས་སྤྲོད་དགོས་པའི་འབོད་བསྐུལ་དང་སྦྲགས་གསུང་བཤད་གནང་།
དེ་རྗེས་ཁར་ཤང་ཁུལ་ས་སྐྱ་དགོན་པར་གནས་གཟིགས་དང་མི་མང་ཚོགས་ཁང་ནང་མི་འཐུས་མཉམ་འཁྱུགས་ཙམ་རིང་མང་ཚོགས་ཀྱི་བདེ་སྡུག་གསན། དེ་ནས་སྦག་རོ་ཌ་གནམ་ཐང་དུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༣ ཉིན་རྡ་སར་ཕྱིར་ཕེབས་འབྱོར་བྱུང་ཡོད་པ་བཅས།།