༢༠༡༧ ཟླ་ ༤ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨོ་སི་ཊོ་ལི་ཡར་ Australia ཕེབས་འབྱོར་སྐབས་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་དང་རྒྱ་རིགས་འབྲེལ་མཐུད་པ་བསྐལ་བཟང་རྒྱལ་མཚན་ལགས། ས་གནས་བོད་རིགས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
སྤྱིར་སྲིད་སྐྱོང་མཆོག་ཡུལ་དེའི་བྷི་རི་སི་བྷེན་ Brisbane གྲོང་ཁྱེར་ནང་བོད་ཀྱི་དུས་སྟོན་ཐེངས་ ༩ སྲུང་བརྩི་ཞུ་རྒྱུའི་མཛད་སྒོའི་ཐོག་ཕེབས་པ་ཞིག་ཡིན་ཞིང་། མགྲོན་འབོད་ཞུ་མཁན་བོད་རིགས་གཞས་པ་སྐུ་ཞབས་བསྟན་འཛིན་ཆོས་རྒྱལ་ལགས་ཡིན་འདུག དུས་སྟོན་ཐོག་བོད་ཀྱི་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་དང་གཞས་སྣ་འདྲ་མིན་འཁྲབ་སྟོན་ཞུ་རྒྱུ། གཞན་ཡང་བོད་དོན་སྐོར་ཟབ་སྦྱོང་དང་བགྲོ་གླེང་སོགས་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་ ༢༩ ཉིན་སྲིིད་སྐྱོང་མཆོག་གིས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བརྙན་འཕྲིན་ཚན་པའི་ Australian Broadcasting Corporation Radio National ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་པོལ་བྷར་ཀེ་ལེ་ Mr Paul Barclay ལགས་དང་ལྷན་བགྲོ་གླེང་གནང་རྒྱུ་ཡིན་འདུག
ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་གིས་ཡུལ་དེའི་གསར་འགྱུར་བརྙན་འཕྲིན་དང་རླུང་འཕྲིན་ཚན་པ། དེ་བཞིན་གསར་ཤོག་ཁག་གི་གསར་འགོད་པ་སོགས་དང་ཐུག་ནས་བོད་དོན་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་རྒྱུ་ཡིན་འདུག
ཕྱོགས་ཕེབས་རིང་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་མིའི་འཐབ་རྩོད། དུས་རབས་ ༢༡ ནང་གི་བོད། བོད་ཀྱི་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་ལ་འཕྲད་བཞིན་པའི་དཀའ་ངལ། ཞེས་བརྗོད་གཞི་འདྲ་མིན་ཐོག་མང་ཚོགས་གསུང་བཤད་གནང་རྒྱུ་མ་ཟད། ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་དང་ཐུག་འཕྲད་གནང་རྗེས་ཕྱི་ཚེས་ ༣༠ ཉིན་ནིའུ་ཛི་ལེན་ཌིར་ New Zealand ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།