༢༠༡༧ ཟླ་ ༤ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༦ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱལ་ས་ལྡི་ལིའི་ཤཱསྟྲི་བྷ་ཝན་ཞེས་པའི་ནང་ཕེབས་ནས་རྒྱ་གར་གྱི་རིག་གཞུང་བློན་ཆེན་སྐུ་ཞབས་མ་ཧེཤ་ཤརྨ་ Shri. Mahesh Sharma མཆོག་དང་མཇལ་འཕྲད་གནང་འདུག མཇལ་འཕྲད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་གཉིས་དབར་འབྲེལ་བ་སྔར་ལྷག་དམ་ཟབ་ཡོང་སླད་ལས་གཞི་ཇི་ལྟར་སྤེལ་དགོས་མིན་སྐོར་བཀའ་བསྡུར་གནང་འདུག
སྐབས་དེར་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ཀརྨ་དགྲ་འདུལ་ལགས་དང་དྲུང་ལས་བསྟན་འཛིན་ཟླ་སྒྲོན་ལགས་རྣམ་གཉིས་ལྷན་བཅར་ཞུས་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་དང་རྒྱ་གར་རིག་གཞུང་བློན་ཆེན་རྣམ་གཉིས་ཀྱིས་འཕགས་བོད་གཉིས་དབར་གནའ་དེང་གི་རིག་གཞུང་འབྲེལ་ལམ་དང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་གཞིར་བཟུང་བོད་བརྒྱུད་ནང་བསྟན་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཡོང་སླད་གོ་བསྡུར་ལྷུག་པོ་གནང་བ་དང་སྦྲགས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་མ་ཧེཤ་ཤརྨ་མཆོག་ལ་ཉེ་ལམ་ཕྱི་ཟླ་གསུམ་པའི་ནང་རྒྱལ་པོའི་ཁབ་ Rajgir ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བར་གདན་ཞུས་ཀྱིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ལམ་ལྷོང་ལྡན་པའི་ངང་བསྐོངས་ཚོགས་གནང་ཐུབ་པར་ལེགས་གསོལ་བསྔགས་བརྗོད་ཞུས་པ་མ་ཟད། རྒྱ་གར་ནང་གི་བོད་པའི་དགོན་སྡེ་ཁག་གི་ད་ལྟའི་གནས་སྟངས་སྐོར་ངོ་སྤྲོད་དང་། དགོན་སྡེ་ཁག ༢༦༢ ནང་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་གྲངས་ ༣༥༠༠༠ དང་བཙུན་མ་གྲངས་ ༦༠༠༠ ལྷག་ཡོད་པའི་ཁོངས་ནས་བརྒྱ་ཆ་ ༦༧་༥ ཧི་མ་ལ་ཡ་རི་རྒྱུད་ཀྱི་རྒྱ་གར་མི་སེར་ཡིན་སྐོར་ངོ་སྤྲོད་ཞུས་པ་མ་ཟད། རྒྱ་གར་དབུས་གཞུང་གི་ལས་འཆར་བརྒྱུད་དགོན་སྡེ་ཁག་ལ་མཐུན་འགྱུར་རོགས་རམ་གང་མང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག སྐབས་དེར་སྐུ་ཞབས་མ་ཧེཤ་ཤརྨ་མཆོག་གནད་དོན་དེ་དག་ཐོག་ངེས་པར་དུ་དགོངས་བཞེས་གནང་རྒྱུའི་ཁས་ལེན་གནང་འདུག
དཔལ་ལྡན་སྲིད་སྐྱོང་མཆོག་ལྡི་ལིར་བཞུགས་རིང་རྒྱ་གར་གྱི་གནད་ཡོད་མི་སྣ་དང་མཁས་དབང་ཁག་གཅིག་མཇལ་འཕྲད་དང་། ལྷག་པར་ India Foundation Dialogue ཞེས་པའི་བགྲོ་གླེང་ཚོགས་འདུར་མགྲོན་འབོད་ལྟར་མཉམ་ཞུགས་གནང་འདུག
བགྲོ་གླེང་དེར་དེ་སྔའི་རྒྱ་གར་ནང་གི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཝར་མ་ Richard Verma མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལས་རོགས་ཟུར་པ་ Nisha Biswal མཆོག རྒྱ་གར་དབུས་གཞུང་གི་ཕྱི་སྲིད་བློན་ཆེན་གཞོན་པ་ M. J. Akbar མཆོག རྒྱ་གར་མེ་འཁོར་བློན་ཆེན་སྐུ་ཞབས་སུ་རེཤ་པྲ་བུ་ Suresh Prabhu སོགས་ཕེབས་ཡོད། ལྡི་ལི་ཁུལ་གྱི་ལས་འཆར་ཁག་ལེགས་གྲུབ་རྗེས་རེས་གཟའ་ཕུར་བུ་ཉིན་ཨོ་སི་ཀྲོ་ལི་ཡ་དང་ནིའུ་ཛ་ལེནྡྲ་ཁུལ་དུ་བདུན་ཕྲག་གཅིག་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་བཅས།།