༢༠༡༧ ཟླ་ ༤ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༧ ཉིན་གྱི་སྔ་དྲོར་ཐོག་མར་༸གོང་ས་མཆོག་གིས་ཊ་ཊ་སྤྱི་ཚོགས་ཚན་རིག་ཉམས་ཞིབ་ཚན་པའི་འབྲེལ་ཡོད་ལས་བྱེད་རྣམས་ལ་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུ་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་སློབ་ཚན་འཇོག་སྟངས་ཐད་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་རྒྱ་གར་གཙུག་ལག་སློབ་དཔོན་སྐུ་ཞབས་ཨེམ་ཨེལ་སོན་དྷིའི་ Professor ML Sondhi Prize for International Politics རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཆེ་བསྟོད་གཟེངས་རྟགས། ཞེས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས།
དེ་ཡང་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བསྟི་གནས་ཁང་ India International Center ཞེས་པའི་ཚོགས་ཁང་དུ་རྒྱ་གར་གྱི་ཤེས་ལྡན་མི་སྣ་གྲགས་ཅན་དང་ཆབ་སྲིད་པ། ཕྱི་རྒྱལ་གཞུང་ཚབ་ཁག་གཅིག་གི་གནད་ཡོད་མི་སྣ། བོད་དོན་རྒྱབ་སྐྱོར་བ་སོགས་འདུ་འཛོམས་སྐབས། ཐོག་མར་གཙུག་ལག་སློབ་དཔོན་སྐུ་ཞབས་སོན་དྷི་དམ་པའི་ལྕམ་སྐུ་མ་དུ་རི་སན་ཏ་ནམ་སོན་དྷི་ Mrs Madhuri Santanam Sondhi ལགས་ཀྱིས་ངོ་སྤྲོད་ཀྱི་གསུང་བཤད་གནང་སྐབས། གཙུག་ལག་སློབ་དཔོན་སྐུ་ཞབས་སོན་དྷི་ Prof ML Sondhi དམ་པ་ཁོང་རྒྱ་གར་གཞུང་ཚབ་ཏུ་བསྐོ་གཞག་གནང་རྗེས་ཐོག་མར་ཅེག་ཡུལ་གྱི་རྒྱལ་ས་པ་རཱག་ Prague ནང་གནས་སྤོས་གནང་རྗེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་གནས་སྤོ་བསྐོ་གཞག་གནང་ཡོད་སྐོར་དང་།
དམ་པ་ཁོང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཕྱག་ལས་གནང་རིང་ཕྱི་ལོ་ ༡༩༦༠ ནང་འཁེལ་ཞིང་། བོད་དོན་སྐོར་རྒྱལ་ཚོགས་སོགས་ནང་བགྲོ་གླེང་གནང་སྐབས་དོ་སྣང་ཆེན་པོས་གསན་འཇོགས་གནང་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༦༢ ལོར་བོད་རང་སྲིད་རང་སྐྱོང་། Tibet-Swaraj Committee ཞེས་པའི་ཚོགས་པ་གསར་འཛུགས་གནང་བ་དང་། ཕྱིས་སུ་དམ་པ་ཁོང་གིས་རྒྱ་གར་གཞུང་གི་སྐུ་ཚབ་ཐོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མཚན་གཞུང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་བདམས་གནང་བ་དང་།
ལྷག་པར་དམ་པ་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་ Vaclav Havel མཆོག་ངོ་སྤྲོད་ཞུས་པ་མ་ཟད། མགོན་པོ་གང་ཉིད་མཆོག་ཨི་སི་རེལ་ Israel ཡུལ་དུ་ཆིབས་སྒྱུར་ཐོག་མ་གོ་སྒྲིག་ཞུ་མཁན་གཙོ་གྲས་ཡིན་སྐོར་སོགས་ངོ་སྤྲོད་ཞུས།
ཕྱོགས་མཚུངས་ལྕམ་སྐུ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་བཙན་བྱོལ་བ་རྣམས་ལ་ཡང་དག་པའི་མང་གཙོའི་ལམ་བཟང་གསོལ་སྩལ་མཛད་པ་དང་། མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིར་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་རིན་ཐང་བྱམས་པ་དང་བརྩེ་བ་སོགས་གོང་མཐོར་གཏོང་ཐབས་ཆེད་ཐུགས་བརྩོན་མཛད་བཞིན་ཡོད་པ། དེ་བཞིན་ཚན་རིག་དང་ནང་ཆོས་དབར་གྱི་འབྲེལ་བ་གོང་མཐོར་གཏོང་ཐབས་མཛད་བཞིན་པའི་རླབས་ཆེན་གྱི་མཛད་ཁུར་རྣམས་ལ་ཡི་རངས་བསྔགས་བརྗོད་རྒྱ་ཆེ་ཞུས།
དེ་རྗེས་༸གོང་ས་མཆོག་ལ་མངོན་བསྟོད་ཀྱི་ཚིགས་བརྗོད་སྒྲོགས་སྦྱང་ཞུ་ཆེད་གཙུག་ལག་སློབ་དཔོན་སོན་དྷི་ ML Sondhi དམ་པ་ཁོང་གི་སྲས་ཝི་ཝཀ་ཨ་ནནྡ་ Vivekanand ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་ཞི་བའི་དོན་ཚན་ལྔ་གཞི་རྩར་བཟུང་ནས་བོད་ཀྱི་གནད་དོན་སེལ་བ་བརྒྱུད་རྒྱ་དཀར་ནག་གཉིས་ཀྱི་དབར་འཚེ་མེད་ཞི་བའི་བོད་འཛུགས་སྐྲུན་མཛད་ཐབས་དང་སྦྲགས། རྒྱ་ནག་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པ་བསྒྲུབ་རྒྱུའི་གཡོ་བྱུས་ལ་གདོང་ལེན་མཛད་བཞིན་པ་སོགས་མཁས་མཛངས་ལྡན་པའི་མཛད་རྗེས་ལ་ཆེ་བསྟོད་རྒྱ་ཆེ་ཞུས།
ཕྱོགས་མཚུངས་རྒྱ་གར་གཞུང་གི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ལ་ལིཏ་མན་སིངྒ་ Lalit Mansingh མཆོག་གིས་གཙུག་ལག་སློབ་དཔོན་དམ་པ་ཁོང་གིས་བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་སྐོར་སོགས་ངོ་སྤྲོད་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་པ་དང་། ༸སྐུའི་འཕྲོད་བཞེས་སྔར་རྒྱུན་ལྟར་གསལ་ཐང་ཐོག་བོད་མིའི་མགོན་དཔུང་དམ་པར་བཞུགས་སུ་གསོལ་ཆེད་སྨོན་འདུན་ཤུགས་དྲག་དང་བཅས་༸གོང་ས་མཆོག་ལ་སྲོལ་རྒྱུན་གོས་གཟན་འབུལ་ལམ་ཞུས་པ་མ་ཟད། ལྕམ་སྐུ་མ་དུ་རི་སོན་དྷི་ Mrs Sondhi མཆོག་གིས་༸གོང་ས་མཆོག་ལ་གཟེངས་རྟགས་འབུལ་ལམ་ཞུས།
སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ཨ་རུན་ཤོ་རི་ Arun Shourie མཆོག་གིས་གསུང་དོན། སྤྱིར་སྟངས་གཟེངས་རྟགས་འབུལ་སྐབས་གཟེངས་རྟགས་ཐོབ་མཁན་གྱི་མཚན་སྙན་གྲགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་ནི་ཆོས་ཉིད་ལྟ་བུ་ཡིན་ཡང་ཐེངས་འདིར་གཟེངས་རྟགས་བཞེས་གནང་མཛད་མཁན་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན་སྟབས་གཟེངས་རྟགས་ཀྱི་མཚན་སྙན་ལ་ཚུར་ཕན་ཐོགས་བྱུང་ཡོད། དེ་འདྲ་བྱུང་བ་ཧ་ཅང་དཀོན་པོ་རེད། ཅེས་དང་། ༸གོང་ས་མཆོག་གིས་བཟང་སྤྱོད་གོང་སྤེལ་གཏོང་གནང་མཛད་བཞིན་པའི་རླབས་ཆེན་གྱི་མཛད་བཟང་དེ་ཉིད་མེས་པོ་དམ་པ་གཱན་དྷི་དང་མཚུངས་ཚུལ།
དེ་བཞིན་ཨ་རིའི་ནིའུ་ཡོག་དུས་བབ་གསར་འགོད་པ་ཞིག་གིས་སྐབས་ཤིག་༸གོང་ས་མཆོག་ལ། རྒྱ་ནག་གཞུང་གིས་བོད་ནང་དཀའ་ངལ་དེ་ལྟ་བུ་ཞིག་བཟོས་ཡང་སྐུ་ཉིད་མཆོག་༸ཞལ་འཛུམ་མདངས་དང་བཅས་ཐུགས་དགྱེས་ཚོར་གྱི་རྣམ་པ་དུས་རྟག་ཏུ་ཡོད་པ་དེར་རྒྱུ་མཚན་གང་ཡིན་སྐོར་དྲི་བ་ཞུས་པར། ༸གོང་ས་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་འཁྲོག་བཅོམ་དེ་ཙམ་མང་པོ་བྱས་ཟིན་སྟབས་ད་དུང་ངོས་ཀྱི་སེམས་ནང་གི་ཞི་བདེ་དེ་ཡང་འཁྱེར་འཇུག་འདོད་མེད། ཅེས་བཀའ་ལན་སྩལ་ཡོད་སྐོར་སྙན་སྒྲོན་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་ཡོད་པ་བཅས།།