༢༠༡༧ ཟླ་ ༤ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་མཛད་འཕྲིན་གལ་གནད་ཆེ་བ་ཁག་གཅིག་བསྐྱངས་གནང་མཛད། དེ་ཡང་ཐོག་མར་རྒྱལ་ས་ལྡི་ལིར་རྒྱུན་ལྡན་སྨན་པར་བསྟེན་གཏུགས་མཛད་པ་རྣམས་ཧ་ཅང་ལེགས་གྲུབ་བྱུང་རྗེས། ཕྱི་ཚེས་ ༢༧ སྔ་དྲོ་ཐོག་མར་དེང་དུས་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། ཆོག་ཤེས། བཟོད་བསྲན་སོགས་གོང་མཐོར་གཏོང་ཆེད་རྒྱ་གར་གྱི་ཉམས་ཞིབ་བསྟི་གནས་ཁང་ Tata Institute of Social Sciences ཞེས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་དང་གོང་གི་གནད་དོན་ཐོག་གོ་བསྡུར་སྦྱངས་བཤད་མཛད་སྐབས་བཀའ་སློབ་སྩལ་དོན།
ང་ཚོ་འདིར་སྐད་ཆ་འདྲ་ཆགས་པོ་ཤོད་རྒྱུའི་ཆེད་དུ་འཛོམས་པ་མ་རེད། ཕྱི་དངོས་པོ་འཛུགས་སྐྲུན་ཡར་རྒྱས་ཇི་ཙམ་མཐོན་པོར་སོན་ཐུབ་ཡོད་ཀྱང་མི་ཕན་ཚུན་གསོད་རེས་བཏང་རྒྱུས་མཚོན་ང་ཚོ་འགྲོ་བ་མི་ལ་དཀའ་ངལ་མང་དག་ཅིག་མུ་མཐུད་འཕྲད་བཞིན་ཡོད། འོན་ཀྱང་བཟང་ཕྱོགས་ནས་རེ་བ་བརྒྱབ་ས་ཡོད་པ་ནི་ཚན་རིག་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད་གཞི་རྩའི་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད། ངོས་ཀྱིས་གནས་ཚུལ་དེ་གོ་མ་ཐག་ང་ཚོས་འབད་བརྩོན་བྱེད་པ་བརྒྱུད་འགྲོ་བ་མིའི་གཤིས་རྒྱུད་ལ་ལྡན་པའི་གཞི་རྩའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་ཐུབ་པ་འདུག་བསམ་པའི་ངེས་པ་ལྷག་པར་རྙེད་བྱུང་།
ང་ཚོ་ཆུང་བྱིས་པའི་སྐབས་གཙོ་ཆེ་བྱམས་བརྩེས་སྐྱོང་དགོས་པ་ཡིན་སྟབས་བྱིས་པའི་གནས་སྐབས་བྱམས་བརྩེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འོན་ཀྱང་རིམ་བཞིན་ང་ཚོ་ལོ་ན་ཚོད་ཡར་རྒས་ནས་ཡོང་སྐབས་ཞེ་སྡང་དང་རེ་དོགས། ཁྲག་དོག་སོགས་ཀྱིས་རྒྱུད་རླམས་པ་དང་། རིམ་བཞིན་ཁོང་ཁྲོ་དང་ང་རྒྱལ་དེ་དག་མིའི་ལྷན་སྐྱེས་ཡིན་པ་ལྟ་བུ་དང་། ང་རྒྱལ་དེས་རང་ཉིད་སྲུང་སྐྱོབ་བྱེད་མཁན་ཞིག་ལ་བལྟ་རྒྱུའི་གོམས་པ་ཞིག་ཆགས་ནས་དེར་སྐྱོན་དུ་མ་བལྟ་བར་ཡོན་ཏན་དུ་བལྟ་བཞིན་ཡོད།
འོན་ཀྱང་ཁོང་ཁྲོ་དང་ང་རྒྱལ་ལ་བདེན་ཁ་སྦྱིན་པ་ཡིན་ན་མཐར་དཀའ་ངལ་འཕྲད་རྒྱུ་ངེས་པ་རེད། དེང་དུས་ཤེས་ཡོན་ལམ་ལུགས་ནང་དུ་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་སྐོར་སྐད་ཆ་ཤོད་མཁན་ཉུང་ཉུང་རེད། བྱམས་བརྩེ་བརྗོད་སྐབས་སྤྱིར་སྟངས་ལྟ་བུར་བརྩི་བཞིན་ཡོད། སྲོལ་རྒྱུན་འགྲོ་སྟངས་ལྟར་བྱས་ན་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་མཁན་དེ་གཙོ་བོ་ཆོས་ཕྱོགས་ཐོག་ནས་ཡིན་ཡང་ད་ཆ་ཆོས་དང་ཤེས་ཡོན་གཉིས་ལམ་སོ་སོར་ཕྱེ་ནས་འགྲོ་བཞིན་ཡོད།
འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་ཐེར་འབུམ་གཅིག་ཙམ་ཆོས་ལ་ཡིད་ཆེས་མེད་སྟབས་ཆོས་ལུགས་གཞི་རྩར་བཟུང་ནས་བཟང་སྤྱོད་སྤེལ་དགོས་ན་མི་འབོར་ཐེར་འབུམ་གཅིག་ལ་སྙོབ་ཐབས་བྲལ། ཁོང་ཚོའང་འགྲོ་བ་མི་རིགས་གཅིག་གྱུར་ཡིན་སྟབས་བདེ་སྐྱིད་ཀྱི་རྩ་བ་ནང་གི་རིན་ཐང་གོང་མཐོར་སྤེལ་དགོས་པ་གཅིག་མཚུངས་ཆགས་ཡོད།
དེར་བརྟེན་ད་ཆ་ང་ཚོའི་རེ་བ་རྒྱག་ས་ནི་ཤེས་ཡོན་ཁོ་ན་ལས་མེད། འོན་ཀྱང་དེང་དུས་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐད་མ་འདང་པའི་ཆ་ཞིག་ཡོད་པ་ཚན་རིག་པ་དང་ཤེས་ཡོན་ཉམས་ཞིབ་པ། དེ་བཞིན་སྤྱི་ཚོགས་ཞབས་ཞུ་བ་སོགས་ཀྱི་མྱོང་ཚོར་གཅིག་མཚུངས་བྱུང་ཡོད་སྟབས། ང་ཚོས་ཚོགས་པ་འདི་བཙུགས་ནས་དེང་དུས་ཤེས་ཡོན་ལམ་ལུགས་ནང་རིས་མེད་ཀྱི་བཟང་སྤྱོད་གོང་མཐོར་ཇི་ལྟར་གཏོང་དགོས་པའི་ཐད་སློབ་ཚན་ཞིག་གཏན་འབེབས་ཡོང་ཐབས་བྱེད་བཞིན་ཡོད། རིན་ཐང་དེ་དག་ང་ཚོའི་སེམས་ཚོར་དང་འབྲེལ་བ་ཡོད་སྟབས་བློའི་རྣམ་གཞག་དང་བྱེད་ལས་སྐོར་གོ་རྟོགས་སྤེལ་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ལྷག་པར་དུ་རྒྱ་གར་འཕགས་པའི་ཡུལ་འདིར་མཚོན་ན་ཞི་གནས་དང་ལྷག་མཐོང་སོགས་བློའི་རྣམ་གཞག་སྐོར་ལ་གོ་རྟོགས་ཧ་ཅང་ཕྱུག་པོ་ཡོད། རྣམ་གཞག་དེ་དག་དེང་དུས་འཛམ་གླིང་ནང་འབྲེལ་བ་ཧ་ཅང་ཡོད། ང་ཚོ་བོད་མི་ཚོས་རྒྱ་གར་ང་ཚོའི་བླ་མ་དང་ང་ཚོ་རྒྱ་གར་གྱི་སློབ་མར་ངོས་འཛིན་ཞུ་བཞིན་ཡོད། འོན་ཀྱང་དུས་ཚོད་རིམ་སོང་རྗེས་བླ་མས་རང་གི་གནའ་རབས་ལེགས་བཤད་དེ་དག་སྣང་མེད་དུ་བཏང་ཡང་སློབ་མས་བདག་པོ་བརྒྱབ་ནས་བསྡད་པ་རེད།
འོན་ཀྱང་ད་ཆ་ལེགས་བཤད་དེ་དག་མང་ཚོགས་ཁྲོད་རིས་མེད་ཀྱི་ལམ་སྲོལ་གཞི་ལ་བཞག་ནས་སྤེལ་ཐུབ་པ་བྱེད་དགོས། དཔེར་ན་དེང་དུས་རྩ་རླུང་གི་རྣལ་འབྱོར་ Yoga དང་། དྲན་པ་ཉེར་བཞག་ལྟ་བུར་ཆོས་ཁས་ལེན་མིན་ཚང་མས་ཐུན་མོང་གི་སློབ་ཚན་ལྟ་བུར་ངོས་འཛིན་བྱེད་བཞིན་པ་ལྟར་བྱེད་དགོས།
འདས་པའི་ལོ་ ༥༨ རིང་ངོས་ཀྱི་ལུས་པོ་འདི་རྒྱ་གར་གྱི་འབྲས་དང་སྲན་མ་སོགས་ལ་བརྟེན་ནས་འཚོ་ཡང་བསམ་བློའི་ནང་ན་ལེནྜའི་ལེགས་བཤད་ཀྱི་ཁེངས་ནས་ཡོད། དེར་བརྟེན་ལུས་སེམས་གང་གི་ཆ་ནས་ངོས་རང་རྒྱ་གར་གྱི་ཕྲུ་གུ་ཞིག་ཡིན་བསམ་དྲན་བཞིན་འདུག དེ་འདྲ་ཡིན་དུས་ངོས་ཀྱིས། ང་ཚོ་རྒྱ་གར་བ་ཚོས་གནའ་རབས་ཀྱི་ལེགས་བཤད་དེ་དག་སླར་གསོ་བྱེད་དགོས་འདུག ཅེས་བརྗོད་ཆོག་པ་ཞིག་ཕལ་ཆེར་རེད། ཅེས་ཞལ་ཤོབ་མཛད་རྗེས་མུ་མཐུད་བཀའ་སློབ་སྩལ་དོན།
མིས་བཟོས་པའི་དཀའ་ངལ་དེ་དག་མིས་སེལ་དགོས་པ་ཆོས་ཉིད་རེད། དམག་ཁྲུག་ནི་འགྲོ་བ་མིའི་བྱུང་རབས་ལོ་རྒྱུས་ཀྱི་ཆ་ཤས་ཤིག་རེད། ཅེས་ཡིན་ཤག་བྱེད་ནས་བསྡད་པ་འདི་ཙམ་གྱིས་མི་ཆོག མི་གསོད་ཁྲག་སྦྱོར་སུ་ལའང་མི་འདོད། རྒྱུ་མཚན་ལ་གཞི་བཅོལ་ནས་བྱམས་བརྩེའི་རིན་ཐང་གོང་མཐོར་བཏང་དགོས་སྟབས་རྒྱ་གར་གནའ་རབས་ལེགས་བཤད་ཐོག་ནས་བྱེད་ཐུབ་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་བརྟན་པོ་ཡོད། ངོས་རང་རིག་པ་ཏོག་ཙམ་དྲུང་པོ་ཡོད། འོན་ཀྱང་ངོས་ཀྱི་རིག་པ་དེ་དག་ངོ་ཐོག་ལག་ལེན་དོན་འཁྱོལ་ཡོང་བར་ཁྱེད་རྣམ་པའི་རོགས་པ་དགོས། ངོས་རང་ད་ཆ་ལོ་ ༨༢ ལ་བསླེབས་པར་བརྟེན་དུས་ཚོད་རིང་པོ་མེད་སྟབས་ད་ལྟ་ནས་ང་ཚོས་འགོ་ཞིག་འཛུགས་ཐུབ་དགོས།
ཞེས་བཀའ་སློབ་སྩལ། ཉིན་གུང་ལྗགས་སྨིན་གྲུབ་རྗེས་མགོན་པོ་གང་ཉིད་མཆོག་རྒྱལ་སྤྱིའི་བསྟི་གནས་ཁང་ཞེས་པ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཨེམ་ཨེལ་སོན་སྡི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གཟེངས་རྟགས་ Professor ML Sondhi Prize for International Politics འབུལ་བཞེས་མཛད་ཡོད་པ་བཅས།།