༢༠༡༧ ཟླ་ ༤ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་གླིང་ཆེན་ལྷོ་ཨ་མི་རི་ཀེའི་བྷར་ཛིལ་ Brasil ཡུལ་གྱི་རྒྱལ་ས་སྭ་པོ་ལོའི་ Sao Paulo ནང་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་གི་རེ་འདུན་ལྟར། ཨ་རིའི་ཨེ་མོ་རི་མཐོ་སློབ་ Emory University ཀྱི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས། སྐུ་ཚབ་དོན་ཁང་གི་ཉེ་འགྲམ་དུ་ཆགས་པའི་ཊན་སི་ཨ་མེ་རི་ཀ་ Hotel Transamerica ཞེས་པའི་གསོལ་མགྲོན་ཁང་དུ་བྱམས་སྙིང་རྗེ་སྒོམ་སྟངས་དང་བློ་སྦྱོང་། དེ་བཞིན་ཆོས་ལུགས་ལ་མ་བརྟེན་པར་འགྲོ་བ་མིའི་རྒྱུད་ལ་རང་ཆས་སུ་ཡོད་པའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཐབས་སྐོར་ལམ་སྟོན་གནང་འདུག
སྤྱིར་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ནི་ཨེ་མོ་རི་མཐོ་སློབ་ཏུ་སློབ་དགེའི་ཕྱག་ལས་གནང་མུས་ཡིན་ཁར། ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས། Emory-Tibet Partnership Program ཞེས་པའི་ལས་འཆར་གཙོ་སྐྱོང་གནང་བཞིན་པ་མ་ཟད། མཐོ་སློབ་དེའི་ནང་དུ་ཚན་རིག་གི་ལམ་ནས་བརྟག་དཔྱད་བྱས་པ་བརྒྱུད་བྱམས་སྙིང་རྗེའི་ཀུན་སློང་ལ་གཞི་བཅོལ་ནས་སྒོམ་ཉམས་ལེན་གྱི་ཕན་ཡོན་ཤེས་རྟོགས་ཐུབ་རྒྱུར་ཞབས་འདེགས་སྒྲུབ་མཁན་གཙོ་བོ་གསུམ་གྱི་ནང་ནས་གཅིག་ཡིན་འདུག
ཕྱོགས་མཚུངས་མཐོ་སློབ་ནང་དུ་དགེ་བཤེས་ལགས་དང་ཁོང་གི་ཕྱག་རོགས་རྣམ་པས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག དེང་དུས་སྤྱི་ཚོགས་དང་རྣམ་རྟོག་གི་འགྱུར་བ། དེ་བཞིན་བཟང་སྤྱོད་ཀྱི་སློབ་གསོ་གོང་མཐོར་གཏོང་ཐབས་སུ་ཤེས་ཡོན་སློབ་ཁྲིད་བྱ་རྒྱུའི་སློབ་ཚན་གྱི་ངོ་བོ་གཏན་འབེབས་གནང་ཐབས་ཆེད་ཕྱག་རོགས་གནང་མུས་ཡིན་འདུག
དེ་ཡང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་དགེ་བཤེས་ལགས་ཀྱིས་བྱམས་སྙིང་རྗེའི་ཀུན་སློང་ལ་གཞི་བཅོལ་ནས་སྒོམ་ཉམས་ལེན་གྱི་ཕན་ཡོན་སྐོར་གསུང་བཤད་གནང་འདུག སྐབས་དེར་ཁོང་གིས་ཐོག་མར་སྙིང་རྗེའི་འགྲེལ་བཤད་དང་སྙིང་རྗེ་སྒོམ་པའི་ཕན་ཡོན། སྙིང་རྗེ་བསྒོམས་པ་དེས་ལུས་ཀྱི་བདེ་ཐང་ལ་ཕན་ཐོག་པའི་འབྲེལ་བ་ཇི་འདྲ་ཡོད་པ། དེ་ནས་དངོས་གཞི་སྙིང་རྗེ་སྒོམ་སྟངས་སྐོར་གསུངས། སྐབས་དེར་ཤེས་ཡོན་ཅན་དང་། ཤེས་ཡོན་ལས་རིགས་ནང་ཞུགས་པ། དེ་བཞིན་སྒོམ་སྒྲུབ་ཉམས་ལེན་གནང་མཁན་སོགས་དོན་གཉེར་ཅན་མི་གྲངས་ ༥༥ ཕེབས་འདུག
ཉིན་རྒྱབ་ཏུ་དགེ་བཤེས་ལགས་ཀྱིས་བློ་སྦྱོང་ཚུལ་དང་དེའི་ཐོག་ནས་རྣམ་རྟོག་གི་འགྱུར་བ་ལ་གཉེན་པོ་ཇི་ལྟར་བསྟེན་ཐུབ་མིན་སྐོར་གསུངས། སྐབས་དེར་ཁོང་གིས་སྤྱིར་བློ་སྦྱོང་གི་གལ་གནད་དང་ཡིད་བློ་རྟོག་པའི་ངོ་བོ་དང་དེང་སྤྱི་ཚོགས་ནང་སེམས་ངལ་གྱི་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་གདོང་ལེན་བྱེད་སྟངས། ཞི་ལྷག་སྒོམ་ཚུལ་སོགས་ངོ་སྤྲོད་གནང་འདུག
སྐབས་དེར་ཚོགས་བཅར་བ་མི་གྲངས་ ༦༥ ཡོད་པ་རྣམས་ཀྱིས་དོ་སྣང་ཧ་ཅང་ཆེན་པོའི་ཐོག་ནས་ཕན་ཚུན་གོ་བསྡུར་སྦྱངས་བཤད་གནང་བ་མ་ཟད། ཉམས་ལེན་དེ་དག་དེང་དུས་སྤྱི་ཚོགས་ཧ་ཅང་འཁྲུག་ཆ་དོད་པོའི་ནང་ཉིན་རེའི་འཚོ་བ་སྐྱེལ་སྐབས་ཉམས་ལེན་ཐུབ་ཐབས་བྱ་རྒྱུ་གལ་ཆེ་ཡིན་པ་ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་གནང་འདུག
གཞན་ཡང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་དགེ་བཤེས་ལགས་ཀྱིས་སྤྱི་ཚོགས་དང་། རྣམ་རྟོག་གི་འགྱུར་བ། དེ་བཞིན་བཟང་སྤྱོད་ཀྱི་སློབ་གསོ་བཅས་ཀྱི་སྐོར་གསུང་བཤད་གཟབ་རྒྱས་གནང་བ་མ་ཟད། བསམ་བློའི་ས་ཁྲའི་སྐོར་གསུངས། ཚོགས་བཅར་བ་གྲངས་ ༤༠ ཡོད་ཁོངས་ནས་ཕལ་ཆེ་བ་ཤེས་ལྡན་མི་སྣ་དང་ལྷག་པར་གཞོན་སྐྱེས་འཚར་ལོངས་བྱེད་སྟངས་ཐོག་གི་མཁས་ལས་པ་སོགས་ཡིན་འདུག
སྤྱིར་གོང་གི་གསུང་བཤད་དེ་དག་སྐུ་ཚབ་དོན་ཁང་གིས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་བསྒྲུབ་ཆེད་དམིགས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་གནང་བའི་གསུང་བཤད་ལས་རིམ་ཙམ་མ་ཟད། རྒྱལ་སའི་ནང་རྟེན་གཞི་བྱས་པའི་ལྟ་གྲུབ་དང་བཟང་སྤྱོད་སློབ་གསོ་བསྟི་གནས་ཁང་ Palas Athena Center for Philosophy and Ethics ཞེས་པ་དང་། ཨ་ཡིན་སི་ཊ་ཡིན་སྨན་གྱི་ཉམས་ཞིབ་བསྟི་གནས་ཁང་ Einstein Research Hospital and Medical School དུ་གསུང་བཤད་གནང་གནང་རྗེས་ཨེཊ་ལེན་ཊར་ Atlanta ཕྱིར་ཕེབས་གནང་འདུག །