༢༠༡༧ ཟླ་ ༤ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཉིན་གྲངས་གཉིས་རིང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༢ དབུ་འཛུགས་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
བོད་མིའི་སྒྲིག་འཛུགས་ཡིན་པའི་ཆ་ནས་ང་ཚོས་དུས་རྟག་ཏུ་བོད་ནས་གསར་དུ་འབྱོར་མཁན་དང་སློབ་ཕྲུག་ཡིན་ནའང་རེད། གང་ལྟར་བཀའ་ཤག་ནི་ཕ་མ་ལྟ་བུ་ཆགས་ཡོད་སྟབས་ང་ཚོར་རང་བཞིན་གྱིས་འགན་འཁྲི་ཡོད་སྟབས། ད་བར་གང་ཐུབ་ཅི་ཐུབ་ཞུ་བཞིན་ཡོད། གཞི་རྩའི་རྣམ་པ་ཚོར་དེ་སྔ་ལམ་སྟོན་མ་གནང་གོང་ནས་ཚོང་རྒྱག་རྒྱུ་དང་ཚོང་བརྒྱབ་ནས་ལམ་ལྷོང་བྱུང་རྗེས་མ་རྩ་ཡང་ཡག་པོ་ཡོད་མཁན་དེ་འདྲ་མང་པོ་ཞིག་ཡོད། ཁེ་བཟང་ཡང་ཡག་པོ་བྱུང་བ་མང་པོ་ཡོད། དེར་བརྟེན་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་གནང་དགོས།
དཔལ་ལྡན་ཚོགས་གཙོ་མཆོག་གིས་དཔྱ་ཁྲལ་ལག་དེབ་བརྒྱ་ཆའི་ཐོག་ནས་དཔྱ་དངུལ་འབུལ་ཐུབ་ན་ཡག་པོ་ཡོད། ཅེས་གསུངས་པ་དེར་རྒྱུ་མཚན་ཡོད་རེད་བསམ་བཞིན་འདུག ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ལ་དྭང་བླངས་དཔྱ་དངུལ་འབུལ་མཁན་མང་ཤོས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་དྭང་ཞབས་པ་ཚོ་རེད། ཁོང་ཚོའི་གསོལ་ཕོགས་ནས་བརྒྱ་ཆ་བཞི་འབུལ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཚོར་གསོལ་ཕོགས་ཉུང་ངུ་ལས་མེད་ཀྱང་བརྒྱ་ཆ་བཞི་དཔྱ་དངུལ་འབུལ་གྱི་ཡོད། དང་སློབ་ཀྱི་དྭང་ཞབས་པ་དང་ཚོང་པ་ཚོ་དང་བསྡུར་བ་ཡིན་ན་སྲི་ཞུའི་ལས་བྱེད་ཚོ་ཕོགས་ཉུང་བའི་གྲས་རེད། འོན་ཀྱང་ཕོགས་བབ་དེ་ནས་བརྒྱ་ཆ་བཞི་དྭང་བླངས་དཔྱ་དངུལ་ཆེད་འབུལ་བཞིན་ཡོད། དེར་བརྟེན་ཚོང་པ་ཚོས་ཁེ་བཟང་ནས་བརྒྱ་ཆ་བཞི་ཕུལ་བ་ཡིན་ན་ཡག་པོ་ཡོད། ཚོང་པ་ཚོ་དངུལ་དང་དཔལ་འབྱོར་ཐོག་ལ་འབྲེལ་བ་ཡོད་སྟབས་རྟེན་འབྲེལ་བཟང་པོ་ཡོང་བའི་རེ་བ་ཡོད།
ངས་ཞུ་དགོས་དོན་གཙོ་བོ་ནི་རྣམ་པ་ཚོས་བཟང་སྤྱོད་ལྡན་པའི་ཚོང་ལས་ Business with Ethics ཞེས་བྲིས་འདུག བོད་མི་སུད་ཚོང་བ་ཚོས་དྲང་པོ་དང་ཡ་རབས་བཟང་སྤྱོད་བྱེད་ཀྱི་འདུག ཅེས་རྒྱ་གར་ཚོང་བདག་ཚོས་ལོ་ངོ་བཞི་ཅུའི་རིང་ཡིད་ཆེས་བློས་འགེལ་བྱེད་རྒྱུ་ཆགས་འདུག ཚོང་གཞན་སྐྱོན་མཁན་ཚོ་ཡིན་ནའང་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་ཚོང་བསྐྱོན་གྱི་ཡིན་ཞེས་དེབ་དང་ཡོངས་གྲགས་ཡིག་ཆ་འགྲེམས་སྤེལ་ནང་ལ་ཡང་བྲིས་འདུག
དེར་བརྟེན་ཡག་པོ་གནང་དགོས། ༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ས་གནས་གང་སར་ཚོང་རྒྱག་ས་ཡོད། བོད་མི་སུད་ཚོང་བ་རྣམས་ནས་དགུན་དུས་སུད་ཚོང་སྐབས་ནང་མི་སྤུན་མཆེད་མཉམ་དུ་ཁྲིད་ནས་ནང་མི་སྤུན་མཆེད་ལ་རོགས་པ་དང་། བོད་པས་བོད་པར་ལས་ཀ་སྤྲད་པ་སོགས་ཡག་པོ་བྱེད་ཀྱི་འདུག རྣམ་པ་ཚོ་ཡིན་ནའང་ཚོང་རྒྱག་པའི་སྐབས་སུ་བོད་པའི་གཞོན་སྐྱེས་རྣམས་ལ་ཚོང་རྒྱག་སྟངས་བསླབ་རྒྱུ་དང་། ལས་ཀ་སྤྲད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས་རྣམ་པ་ཚོས་བཟང་སྤྱོད་ལྡན་པའི་ཚོང་ལས་ཐོག་མུ་མཐུད་ནས་འབད་བརྩོན་གནང་སྟེ་མིག་དཔེ་བཟང་པོ་ཞིག་བསྟན་ཐུབ་པ་གནང་རྒྱུ་ཤིན་ཏུ་གལ་འགངས་ཆེ།
རྒྱ་གར་ནང་དུ་ཡིན་ནའང་ GST Bill འགྱུར་བ་འགྲོ་བཞིན་ཡོད། བཀའ་ཤག་ནས་དུས་རྟག་ཏུ་ལས་འགུལ་གང་སྤེལ་བ་ཡིན་ནའང་ཡུལ་ཁྲིམས་དང་མཐུན་ཞིང་ཆེས་མཐོང་ལྡན་པ། འཚེ་བ་མེད་པ་བཅས་ཀྱི་ཐོག་ནས་སྤེལ་དགོས་པའི་ལམ་སྟོན་ཞུ་བཞིན་ཡོད། ཚོང་ལ་ཡིན་ནའང་དེ་མཚུངས་ཆགས་ཡོད། ཚོང་རྒྱག་སྐབས་ཁྲིམས་མཐུན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་དངུལ་ཁང་མིན་པའི་དཔལ་འབྱོར་ཚན་པའི་སྔོན་འགྲོའི་ལས་གཞི་སུད་ཚོང་བུན་གཡར་ལས་གཞིའི་སྐོར་དང་། སྐབས་ ༡༥ བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་ཡོད་པ་བཅས།།