༢༠༡༧ ཟླ་ ༤ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན། ཕྱི་དྲིལ་ལས་ཁུངས་ཀྱིས། གར་སོང་ཆ་མེད་དུ་གྱུར་བའི་བོད་ཀྱི་པཎ་ཆེན་བླ་མ། ཞེས་པའི་བརྙན་འཕྲིན་ཞིག་བཟོ་སྒྲིག་ཞུས་པ་དེའི་ནང་ཨི་ཊ་ལི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་ཨར་ནོ་ཀོམ་པེ་སི་ཅར་ Arno Kompatscher མཆོག་དང་། ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མེ་ཁལ་རེ་སོན་ Micheal Raison མཆོག ཨེན་དེ་རེ་གྷ་ཏོ་ལིན་ Andre Gattolin མཆོག ཨེ་ནིག་བྷི་ལོན་ Annick Billon མཆོག སུད་སི་གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་ཡ་གརྤ་མཆོག Maya Garf ཁེ་ན་ཌའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ཀོན་སིག་ལིའོ་ཌི་ནི་ནོ་ Consiglio Di. Nino མཆོག ཨོ་སི་ཊོ་ལི་ཡ་ནས་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ལི་ས་སིངྒ་ Lisa Singh མཆོག དེ་སྔའི་རྒྱ་གར་ཕྱི་སྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་ཡ་ཤི་ཝནྟ་སིནྷ་མཆོག Yashwant Sinha གཞན་ཡང་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷ་ག་ཏི་སིངྒ་ཀོ་ཤི་ཡ་རི་ Bhagat Singh Koshyari མཆོག་དང་། ནི་ནོང་ཨེ་རིང་ Ninong Ering མཆོག ཐུབ་བསྟན་ཚེ་དབང་མཆོག་བཅས་རྒྱལ་ཁབ་དྲུག་གི་ཆབ་སྲིད་མི་སྣ་གྲགས་གྲས་ནས་དགོངས་ཚུལ་གསུངས་ཡོད། བརྙན་འཕྲིན་གཟིགས་སླད་འདིར་གནོན།
དེ་ཡང་ཨི་ཊ་ལི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་ཨར་ནོ་ཀོམ་པེ་སི་ཅར་ Arno Kompatscher མཆོག་གིས་ཀུན་གཟིགས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་སྨོན་འདུན་ཞུས་པ་དང་སྦྲགས། གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་བོད་མིར་རྒྱབ་སྐྱོར་ཡོད་སྐོར་ནན་བརྗོད་གནང་འདུག
ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མེ་ཁལ་རེ་སོན་ Micheal Raison མཆོག་དང་། ཨེན་དེ་རེ་གྷ་ཏོ་ལིན་ Andre Gattolin མཆོག ཨེ་ནིག་བྷི་ལོན་ Annick Billon མཆོག་བཅས་ཀྱིས། འདས་པའི་ལོ་ངོ་ ༢༢ རིང་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་རྩ་བ་ནས་མཇལ་རྒྱུ་མེད་པའི་གནས་སྟངས་ཐད་སེམས་འཚབ་དང་སྦྲགས། ཁོང་གི་༸སྐུའི་འཁྲུངས་སྐར་རྗེས་མ་དེ་བོད་ནང་སྲུང་བརྩི་ཞུ་ཐུབ་པའི་རེ་བ་ཡོད་སྐོར་གསུངས་འདུག
ཕྱོགས་མཚུངས་སུད་སི་གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་ཡ་གརྤ་ Maya Garf མཆོག་གིས་པཎ་ཆེན་རིན་པོ་ཆེ་མཆོག་ལ་༸སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་ཞུས་པ་དང་སྦྲགས། རིན་པོ་ཆེ་མཆོག་ད་ལྟ་གནས་སྟངས་ཇི་འདྲ་ཞིག་འོག་ཡོད་མེད་ཤེས་རྟོགས་ཡོད་སྐོར་གསུངས།
དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ཀོན་སིག་ལིའོ་ཌི་ནི་ནོ་ Consiglio Di. Nino མཆོག་གིས་པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་ས་གནས་གང་དུ་ཡོད་ཀྱང་༸སྐུ་ཁམས་གསལ་ཐང་ངང་འཚོ་བཞུགས་མཛད་པའི་རེ་བ་དང་། མགྱོགས་མྱུར་གློད་བཀྲོལ་ཡོང་བའི་སྨོན་འདུན་ཡང་ཞུས་འདུག
ཨོ་སི་ཊོ་ལི་ཡ་ནས་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ལི་ས་སིངྒ་ Lisa Singh མཆོག་གིས་གསུང་དོན། ང་ཚོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་དགའ་དད་སྤྲོ་གསུམ་ངང་འཚམས་འདྲི་ཞུ་རྒྱུ་དང་། ང་ཚོས་དུས་རྟག་ཏུ་རིན་པོ་ཆེ་མཆོག་ཡིད་ལ་དྲན་བཞིན་ཡོད། ཅེས་གསུངས།
དེ་སྔའི་རྒྱ་གར་ཕྱི་སྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་ཡ་ཤི་ཝནྟ་སིནྷ་མཆོག Yashwant Sinha གིས་གསུང་དོན། ངས་རྒྱ་གར་མི་མང་གི་ཚབ་ཞུས་ནས་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་གསུངས།
རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷ་ག་ཏི་སིངྒ་ཀོ་ཤི་ཡ་རི་ Bhagat Singh Koshyari མཆོག་གིས་གསུང་དོན། ངས་རྒྱ་གར་གཞུང་དང་བྷ་ར་ཏི་ཡ་ཇན་ཏ་ཆབ་སྲིད་ཚོགས་པའི་ཚབ་ཞུས་ནས་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་། མགྱོགས་མྱུར་མཇལ་ཁ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ནོང་ཨེ་རིང་ Ninong Ering མཆོག་གིས་གསུང་དོན། ཨ་རུ་ནཱ་ཅལ་དང་རྒྱ་གར་མི་མང་ཚོས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་ཀྱང་༸སྐུ་གཟུགས་གསལ་ཐང་དང་། ༸སྐུ་ཚེར་ཉེན་ཁ་མེད་ཅིང་མགྱོགས་ནས་མྱུར་དུ་རང་དབང་གི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།
རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐུབ་བསྟན་ཚེ་དབང་མཆོག་གིས་གསུང་དོན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་ནས་མྱུར་དུ་རང་དབང་གི་དཔལ་ལ་ལོངས་སུ་སྤྱོད་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད།
དེ་བཞིན་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། སྤྱིར་དེ་རིང་པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་མོ་ཡིན་སྟབས། དགའ་སྤྲོ་བྱེད་དགོས་པའི་དུས་ཚིགས་ཤིག་ཡིན་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ལོར་བོད་ཀྱི་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༢ འཁོར་བཞིན་ཡོད་སྟབས། ཡིད་སྐྱོ་དགོས་པའི་དུས་ཚོད་ཅིག་ཆགས་ཡོད། ཅེས་གསུངས།
ཕྱོགས་མཚུངས་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་གསུང་དོན། གར་སོང་ཆ་མེད་དུ་གྱུར། ཞེས་པའི་ཚིག་འདི་གནད་འགག་ཆེན་པོ་ཞིག་རེད། གང་ཡིན་བརྗོད་ན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་ངོ་ཉི་ཤུ་ཙམ་འགྲོ་བཞིན་ཡོད། ལྷག་པར་བོད་མི་དང་འཛམ་གླིང་ཁྱོན་དུ་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་གཙོ་བོར་གྱུར་བའི་ནང་པའི་དད་ལྡན་མང་ཚོགས་རྣམས་ཀྱིས་རིན་པོ་ཆེ་མཆོག་ཡིད་ལ་དྲན་ཞིང་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་རེ་སྒུག་ཞུ་བཞིན་ཡོད། ཅེས་གསུངས།།