༢༠༡༧ ཟླ་ ༤ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༢༠ ཐོག་བསུ་ཇ་བོད་ཁྱིམ་སློབ་གྲྭར་སྔ་དྲོའི་འདུ་འཛོམས་ཐོག་སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི། དགེ་ལས་སློབ་ཕྲུག་རྣམས་ནས་ཕེབས་བསུ་ཞུས་ཡོད་པ་དང་། སྐབས་དེར་བཀའ་བློན་མཆོག་གིས་རིག་གཞུང་གཅེས་འཛིན་དང་། བུད་མེད་ནུས་སྟོབས་གོང་སྤེལ། རྒྱུན་ལྡན་འཕྲོད་བསྟེན་ཐོག་དོ་སྣང་དང་ནད་རིགས་སྔོན་འགོག ཡང་སྒོས་སུ་མཆིན་པའི་གཉན་ཚད། གློ་ནད་ཀྲི་སྦི་ནད་གཞིའི་སྐོར་ཐུགས་སྣང་གནང་གལ་ཆེ་བའི་སྐོར་གསུང་བཤད་གནང་གྲུབ་མཚམས་སློབ་གྲྭའི་སྨན་ཁང་དང་འཛིན་ཁང་ཁག་ལ་གཟིགས་སྐོར་གནང་།
ཆུ་ཚོད་ ༡༡ ཐོག་བྷིར་སྡེ་དགེར་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་གྱིས་གཙོས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང། རང་བདེན་ཚོགས་གཙོ། དགོན་སྡེ་ཁག་གི་དབུ་ལས་དང་སློབ་གྲྭའི་འགན་འཛིན་དང་མི་མང་བཅས་ནས་མི་མང་ཚོགས་ཁང་དུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། བཀའ་བློན་མཆོག་གིས་མང་ཚོགས་ལ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་ལས་འཆར་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས། བོད་རྒྱ་ཞི་མོལ། བུད་མེད་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས། གཞན་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་ཁག་དང་། ཤེས་རིག་སློབ་ཡོན་མཐུན་རྐྱེན་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་མཚམས་དོན་གཉེར་ཅན་གྱི་མི་མང་ནས་དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། དེ་རྗེས་དགོན་པ་ཁག་ལ་གནས་གཟིགས་དང་བོད་ཁྱིམ་ཅོན་ཏ་ར་སློབ་གྲྭ་དང་ལི་ལི་གྲོང་སྡེ། སྨན་རྩིས་ཁང་ཡན་ལག་སྨན་ཁང་བཅས་སུ་འཚམས་གཟིགས་གནང་།
ཕྱི་ཚེས་ ༡༩ ཉིན་སྔ་དྲོ་ཅོན་ཏ་ར་ཁྱབ་ཁོངས་དགོན་སྡེ་ཁག་ལ་གནས་གཟིགས་དང་། མི་མང་འདུ་འཛོམས་ཐོག་མང་ཚོགས་ལ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་ལས་འཆར་དང་། དབུ་མའི་ལམ་གྱི་སྲིད་བྱུས། བོད་རྒྱ་ཞི་མོལ། བེུད་ནུས་སྟོབས། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་ཁག ཤེས་རིག་སློབ་ཡོན་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་མཚམས་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། ཉིན་རྒྱབ་ཅོན་ཏ་ར་རྒན་གསོ་ཁང་དང་ཅོན་ཏ་ར་སཾ་བྷོ་ཊའི་སློབ་གྲྭར་འཚམས་གཟིགས་དང་བཀའ་སློབ་ལེགས་གྲུབ་ཀྱིས་ཕྱི་དྲོ་ཚོུད་ ༣།༣༠ ཐོག་སྤོན་ཌོ་བཀྲ་ཤིས་གླིང་ས་གནས་སུ་ཐོན་ཡོད་པ་བཅས།།