༢༠༡༠ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༩ ཉིན་རྒྱལ་སྤྱིའི་བོད་རང་དབང་ལས་འགུལ་ཚོགས་པའི་ (ITC) གོ་སྒྲིག་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་མཇལ་འཕྲད་མཛད་ཡོད། དེ་ཉིན་གྱི་སྔ་དྲོའི་ཞོགས་ཟས་སྐབས་༸གོང་ས་མཆོག་དང་ཚོང་དོན་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཁག་གཅིག དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་ཆེད་དཔལ་འབྱོར་རྒྱབ་སྐྱོར་གནང་འདོད་ཡོད་མཁན་བོད་དོན་རྒྱབ་སྐྱོར་བ་ཁག་བཅས་ལྷན་འཛོམས་བྱུང་ཡོད། དེ་ཡང་མཛད་སྒོ་དེར་༸གོང་ས་མཆོག་ཆིབས་སྒྱུར་མ་བསྐྱང་སྔོན་ཙམ་དུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རྣམ་གཉིས་ཀྱིས་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་གྱི་འཆར་གཞི་གསལ་བཤད་གནང། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་གནས་སྟངས་དང་། བོད་ཀྱི་ལེགས་བྱང་། དེ་བཞིན་བོད་ནང་བོད་ཀྱི་ལེགས་བྱང་སྲུང་སྐྱོབ་བྱེད་རྒྱུར་ད་ལྟའི་ཆར་དཀའ་ངལ་ཇི་ཡོད་བཅས་ཀྱི་སྐོར་ལ་ཞིབ་ཕྲ་གསལ་བཤད་མཛད་པ་མ་ཟད། བཙན་བྱོལ་ནང་དང་ལྷག་པར་རྒྱ་གར་དུ་གནས་སྡོད་བཙན་བྱོལ་བོད་མི་ཚོས་རང་གི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་དར་སྤེལ་ཆེད་འགན་ཁུར་ཆེར་སྐྱེད་བྱེད་བཞིན་ཡོད་སྐོར་བཀའ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་འཛམ་གླིང་ཁྱོན་ཡོངས་ལ་བོད་པའི་ལེགས་བྱང་གི་ཤུགས་རྐྱེན་གང་འདྲ་ཐེབས་བཞིན་ཡོད་སྐོར་བཀའ་སྩལ་དོན། བོད་ཀྱི་ནང་ཆོས་དེ་འཚེ་བ་མེད་པ་དང་ཞི་བདེར་གཞི་བཅོལ་བ་ཞིག་ཡིན་ཞེས་བཀའ་སྩལ་བ་དང་། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་བོད་མི་སྐྱབས་བཅོལ་བའི་སྒྲིག་འཛུགས་ཚགས་ཚུད་ཅིག་ཡོང་བ་བྱེད་རྒྱུ་དེ་བོད་མི་གཅིག་པུས་ཁེ་ཕན་གྱི་དོན་དུ་མིན་པར་འགྲོ་བ་མི་སྤྱི་ཡོངས་ལ་ཁེ་ཕན་ཡོད་སྐོར་བཀའ་སྩལ། དེ་བཞིན་༸གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་ཆེད་དཔལ་འབྱོར་རྒྱབ་སྐྱོར་གནང་འདོད་ཡོད་མཁན་ཚོར་བཀའ་སྩལ་དོན། ངོས་ཀྱིས་རྒྱུན་དུ་བོད་མིར་རོགས་རམ་གནང་མཁན་ཚོས་རང་གི་འགྲོ་གྲོན་བཏང་བའི་དངུལ་དེ་བེད་སྤྱོད་ཇི་འདྲ་བཏང་ཡོད་མེད་དང་དངུལ་དེ་ཆུད་ཟོས་དང་འཕྲོ་བརླག་ཕྱིན་ཡོད་མེད་རྩད་གཅོད་བྱ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་ཤོད་ཀྱི་ཡོད་ཅེས་བཀའ་སྩལ། ཕྱི་ཚེས་ ༡༩ སྔ་དྲོར་༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༠ ལོའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་ཆིབས་སྒྱུར་བསྐྱང་སྟེ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག དེ་རྗེས་མགོན་པོ་གང་ཉིད་མཆོག་ཨི་མོ་རིའི་གཙུག་ལག་སློག་གྲྭའི་ནང་མཛད་འཕྲིན་མུ་མཐུད་སྐྱོང་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཚོ་དང་མཇལ་འཕྲད་མཛད་པ།
གསར་གནས།
འབྲེལ་གནས།