༢༠༡༧ ཟླ་ ༤ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༠ ཉིན་རྒྱ་གར་སྦི་ཧར་མངའ་སྡེའི་གྲོང་ཁྱེར་མུ་ཛ་ཕར་པུར་ Muzaffarpur ནང་རྟེན་གཞི་བྱས་པའི་ Langat Singh College ཞེས་པའི་མཐོ་སློབ་དང་། རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མོ་རར་ཇི་དེ་སའི་ Morarji Desai མཆོག་དྲན་རྟེན་ཚོགས་ཆུང་གི་གོ་སྒྲིག་གནང་བའི་རྗེས་དྲན་གཏམ་བཤད་ཀྱི་ལས་རིམ་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས། བོད་མིའི་རང་དབང་སྒྲུབ་ཐབས་དང་རྒྱ་གར། Tibet Mukti Sadhana Aur Bharat ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
མཛད་སྒོ་གོ་སྒྲིག་གནང་མཁན་མཐོ་སློབ་ཀྱི་སློབ་སྤྱི་ཨུ་པེནྡྲ་ཀུམཱར་ Upender Kumar ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་རཱཇ་ཧན་རེ་ན་ར་ཡི་ Dr. Rajhan Raina Rai ལགས་ཀྱིས་གཙོས་ཚོགས་མི་རྣམ་པ། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་མཉམ ཞུགས་གནང་འདུག
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས། བོད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། འབྱུང་འགྱུར་བོད་ཀྱི་གནས་སྟངས་དང་། བོད་མིའི་འཐབ་རྩོད་ཀྱི་མདུན་ལམ། ཞེས་པའི་ཐོག་གསུང་བཤད་གནང་ཡོད།
མཛད་སྒོ་དེ་ནི་དེ་སྔ་ཕྱི་ལོ་ ༡༩༡༧ ཟླ་ ༤ ཚེས་ ༡༠ ཉིན་མེས་པོ་དམ་པ་གྷན་དི་ Mohandas Karamchand Gandhi མཆོག་གི་དབུ་ཁྲིད་འོག བྷི་ཧར་མངའ་སྡེའི་ཅམ་པ་རན་ Champaran ས་གནས་སུ། རྒྱ་གར་རང་དབང་འཐབ་རྩོད་ཆེད་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ཐེངས་དང་པོ་ Champaran Satyagraha ཞེས་པ་དེ་སྤེལ་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དང་སྟབས་བསྟུན་པ་ཞིག་ཡིན་འདུག མཛད་སྒོར་མཐོ་སློབ་ཀྱི་སློབ་དཔོན་ཁག་གཅིག་དང་གནད་ཡོད་མི་སྣ་སོགས་ཕེབས་ཡོད་པ་བཅས།།