༢༠༡༧ ཟླ་ ༤ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ (Tibetan Scholarship Program) ཁོངས་སུ་མི་འགྲོའི་འདེམས་རྒྱུགས་འགོ་འཛུགས་གནང་འདུག ཐེངས་འདིར་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་སྙན་ཞུ་འབུལ་མཁན་སློབ་མ་གྲངས་ ༡༠༣ བྱུང་ཡོད་ཁོངས་ནས་ ༢ འོས་ཆོས་མ་ཚང་བ་དང་། སློབ་མ་དགུས་རང་མོས་ཀྱི་ཕྱིར་འཐེན་གནང་འདུག འདས་ལོར་རྩིས་གཞི་འདི་ལོར་སྙན་འབུལ་བའི་བའི་བརྒྱ་ཆ་ ༡༢ འཕར་ཆ་བྱུང་འདུག
ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ནི་བཙན་བྱོལ་བོད་མིར་སློབ་ཡོན་ལས་གཞི་ཡོད་ཁོངས་ནས་ལས་གཞི་གལ་ཆེན་ཞིག་ཆགས་ཡོད། འདས་པའི་ལོ་ངོ་ ༣༠ ལྷག་རིང་ནས་ཁྱོན་སློབ་མ་གྲངས་ ༤༥༠ བརྒལ་བས་སློབ་ཚན་འདྲ་མིན་ཐོག་ཨ་རིའི་གཙུག་ལག་སློབ་གྲྭ་ཁག་ནས་བསླབ་པ་མཐར་སོན་བྱུང་ཡོད་པ་མ་ཟད། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱིས་
གཙོས་སྒྲིག་འཛུགས་ཁག་འདྲ་མིན་གྱི་ནང་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན།
ཕྱི་ཟླ་བཞི་པའི་ཟླ་མཇུག་ནང་ GWTT ཞེས་བོད་ཀྱི་རྒྱལ་རབ་དང་ཆབ་སྲིད་སོགས་ཀྱི་ཐོག་འབྲི་རྒྱུགས་དང་ཨིན་ཇིའི་ཡིག་རྒྱུགས་ཊོ་ཕེལ་ (TOEFL-ITP) ཞེས་པའི་གྲུབ་འབྲས་གསལ་བསྒྲགས་གནང་བསྟུན། དེའི་གྲུབ་འབྲས་ལ་གཞིགས་པའི་སློབ་མ་རྩེ་ཏོག་ ༣༠ ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༣ ཉིན་རྡ་སར་ངག་རྒྱུགས་ཆེད་ཡོང་དགོས་ཡོད། ཕྱི་ལོ་ ༢༠༡༨ ལོའི་མཐའ་མའི་འདེམས་སྒྲུག་ཟིན་པའི་སློབ་མ་རྣམས་རྗེས་ལོའི་ཕྱི་ཟླ་ ༨ པའི་ནང་ཨ་རིར་ཐོན་འཆར་ཡོད།
ཨ་རི་བོད་མིའི་སློབ་ཡོན་ལས་གཞི་འདི་བཞིན་ཨ་རི་གཞུང་གི་དཔལ་འབྱོར་མཐུན་འགྱུར་འོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཨ་རི་བོད་ཀྱི་ཐེབས་རྩ་གཉིས་ཟུང་འབྲེལ་ཐོག་འཛིན་སྐྱོང་འགན་ཁུར་ཞུ་བཞིན་ཡོད། ཐེངས་འདིར་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཁྱིམ་ཉལ་ཁང་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་འདེམས་རྒྱུགས་སྐབས་ཚོགས་ཁང་དང་ལས་ཁུངས་ཀྱི་མཐུན་འགྱུར་གནང་ཡོད་འདུག །