༢༠༡༧ ཟླ་ ༤ ཚེས་ ༩ རེས་གཟའ་ཉི་མ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ཡིད་དགའ་ཆོས་འཛིན་གསུང་རྭའི་ནང་༸ཞབས་སོར་འཁོད་བསྟུན། རླུང་ལྷར་ Lumla སྒྲོལ་མ་ལྷ་ཁང་གི་སྦྱར་ཡིག་དང་། བོད་དང་འབྲུག་གི་ས་མཚམས་སུ་རྒྱལ་བ་བྱམས་པའི་སྐུ་བརྙན་གསར་བཞེངས་ཀྱི་རྨང་རྡོ། དེ་བཞིན་འབྲུག་གི་ས་མཚམས་ཉེ་འཁྲིས་སུ་ལྷུན་པོ་ཛེ་མ་ཐང་ Lhunpo Zemethang ཞེས་པ་དེར་གུ་རུའི་སྐུ་བརྙན་གསར་བཞེངས་ལེགས་གྲུབ་བྱུང་བ་བཅས་ལ་རབ་གནས་བཀའ་དྲིན་སྩལ།
དེ་རྗེས་དད་ལྡན་མང་ཚོགས་ ༥༠༠༠༠ བརྒལ་བར་ཐོག་མར་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་མཛད། དེ་ནས་དབང་གི་སྒྲུབ་བཞག་སྔོན་དུ་མཛད་རྗེས་སྤྱན་རས་གཟིགས་ཀྱི་དབང་དང་བྱང་ཆུབ་སེམས་པའི་སྡོམ་པ། དེ་བཞིན་དགེ་བསྙེན་སྡོམ་པ་འབོག་ཆོག་མཛད། སྐབས་དེར་འཇིག་རྟེན་པའི་དྲེགས་པ་དོལ་རྒྱལ་ལྟ་བུ་བསྟེན་སྲོལ་བྱེད་མི་རུང་བ་དང་། དེ་སྔ་མགོན་པོ་གང་ཉིད་མཆོག་དོལ་རྒྱལ་བསྟེན་སྲོལ་མཛད་ཡོད་ཀྱང་ཕྱིས་སུ་དོལ་ རྒྱལ་བསྟེན་སྲོལ་མཚམས་འཇོག་མཛད་པའི་ལོ་རྒྱུས་སྐོར་བཀའ་སློབ་སྩལ་དོན། རྒྱལ་པོ་ཤུགས་ལྡན་༸གོང་ས་ལྔ་པ་ཆེན་པོའི་སྐབས་ལ་བྱུང་བ་རེད། ༸གོང་ས་ལྔ་པ་ཆེན་པོས་ཐོག་མར་ཞེ་ས་མ་ཞུས་ན་བསྟུན་མཁས་གནང་ཡང་ཕྱིས་སུ་དེས་ཕན་མ་ཐོགས་པ་ཆགས་སྐབས། ༸གོང་ས་ལྔ་པ་ཆེན་པོས་དྲག་པོ་མངོན་སྤྱོད་ཀྱི་ཐོག་ནས་རྒྱལ་པོ་ཤུགས་ལྡན་ཚར་གཅོད་རྒྱུའི་གྲུབ་པ་དེ་འདྲ་ཚོགས་པ་རེད།
སྐབས་དེར་༸གོང་ས་ལྔ་པ་ཆེན་པོ་རང་ཉིད་ཀྱིས་མཛད་པའི་གསུང་འབུམ་པོད་ ༡༨ ནང་ཡིན་པ་ཡོད། དམ་མིན་དམ་བརྫུ་དྲག་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། ། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། ། མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །ཅེས་འདུལ་འཛིན་གྱི་ཡང་སྲིད་མར་བརྒྱུད་ནས་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་ཞུ་བ་ཞིག་ཡོད། དེའི་ཡང་སྲིད་རེད་ཟེར་བཞིན་ཡོད་ཀྱང་ནོར་བ་ཞིག་རེད། ༸གོང་ས་ལྔ་པ་ཆེན་པོས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་བརྫུས་མ་ལམ་དུ་ལྷོང་བ། སྨོན་ལམ་ལོག་པས་དམ་སྲིར་གྱུར་ཏེ། ཞེས་གསུངས་ཡོད། གདན་སའི་ནང་ལ་ཤུགས་ལྡན་བསྟེན་མཁན་ཚོར་བཀྲ་མི་ཤིས་པ་མང་པོ་བྱུང་ཡོད། ཁྱེད་རང་ཚོ་རྟ་དབང་དགོན་པར་མཚོན་ནའང་ཐོག་མར་ཤུགས་ལྡན་གྱི་རི་མོ་ཞིག་བྲིས་འདུག ངོས་ཀྱིས་ཕྱིས་སུ་རི་མོ་དེ་མེད་པ་བཟོ་བཅུག་པ་ཡིན། རི་མོ་དེ་བཀོག་པའི་ཤུལ་དུ་ཆོས་རྒྱལ་ཕྱི་ནང་གསང་གསུམ་བྲིས་པ་དེ་འདྲ་བྱུང་བ་རེད། ཅེས་བཀའ་སློབ་སྩལ།
བཀའ་དབང་ཡོངས་སུ་ལེགས་གྲུབ་རྗེས་༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་ཁང་ཡོད་ས་ཨུ་རྒྱན་གླིང་དུ་ཆིབས་སྒྱུར་བསྐྱངས་ནས་གུ་རུའི་ཚོགས་མཆོད་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་རྗེས་ལྷ་ཁང་ནང་དུ་གནས་གཟིགས་མཛད།
དེ་ནས་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་དམ་པ་མཆོག་གི་དྲན་རྟེན་སྐྱེད་མོས་ཚལ་ Dorjee Khandu Memorial Park དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་དྲན་རྟེན་སྐྱེད་ཚལ་དབུ་འབྱེད་མཛད་པ་མ་ཟད། འགྲེམས་སྟོན་ཁང་གསར་པ་ཞིག་ཡོད་པ་དེ་དབུ་འབྱེད་མཛད། སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་། རྟ་དབང་རྫོང་དཔོན་སོགས་ཀྱིས་གཙོས་འབྲེལ་ཡོད་མི་སྣ་རྣམས་ནས་ཕེབས་བསུའི་སྣེ་ ལེན་གཟབ་རྒྱས་ཞུས། དེ་རྗེས་མགོན་པོ་གང་ཉིད་མཆོག་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་མཁན་བླ་འདུས་མང་ཡོངས་ལ་བླང་དོར་བཀའ་སློབ་སྩལ་ཡོད་པ་བཅས།།