༢༠༡༧ ཟླ་ ༤ ཚེས་ ༨ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༨ རེསགཟའ་སྤེན་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༠ ཙམ་ལ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྟ་དབང་དགོན་པའི་གཤམ་འོག་ཏུ་ཡིད་དགའ་ཆོས་འཛིན། ཞེས་པའི་གསུང་རྭའི་ནང་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་འཇམ་དཔལ་བཀྲ་ཤིས་མཆོག དེ་བཞིན་མངའ་སྡེའི་བློན་ཆེན་དང་གྲོས་ཚོགས་འཐུས་མི་ཟུར་པ། རྟ་དབང་ས་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཚེ་རིང་བཀྲ་ཤིས་མཆོག མངའ་སྡེའི་ཆོས་རིག་འགན་འཛིན་སྐུ་ཞབས་འཇམ་དཔལ་བཀྲ་ཤིས་མཆོག རྒྱ་གར་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་སུ་དན་ཤུ་མི་ཏལ་མཆོག་སོགས་ཀྱིས་གཙོས། དད་ལྡན་སེར་སྐྱ་ཁྲི་ཕྲག་བརྒལ་བར་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་དབུ་འཛུགས་མཛད།
དེ་ཡང་སྐབས་དེར་ཐོག་མར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ང་ཚོ་ཚང་མར་ཧ་ཅང་སྐལ་བཟང་གི་ཉིན་མོ་ཞིག་ཆགས་ཡོད། ངས་རྟ་དབང་མི་མང་གི་ཚབ་ཞུས་ནས་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་འགྲོ་བའི་ཐོག་ནས་དེ་རིང་མགོན་པོ་གང་ཉིད་མཆོག་དེ་སྔ་ཕྱི་ལོ་ ༢༠༠༩ ལོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ལོ་བརྒྱད་རྗེས་ཐེངས་འདིར་སླར་ཡང་ཆིབས་སྒྱུར་བཀའ་འདྲིན་བསྐྱངས་པ་དང་། ལྷག་པར་བར་ལམ་གནམ་གཤིས་ཀྱིས་རྐྱེན་པས་ཐད་འཕུར་གནམ་གྲུ་བརྒྱུད་ནས་ཆིབས་སྒྱུར་བཀའ་དྲིན་བསྐྱང་ཐབས་བྲལ་བར་བརྟེན། ཕེབས་ལམ་གྱི་གནས་སྟངས་ཧ་ཅང་ཞེན་ཡང་མགོན་པོ་གང་ཉིད་མཆོག་གིས་ཕེབས་ལམ་ཐོག་ཆིབས་སྒྱུར་བསྐྱང་རྒྱུར་ཐུགས་དགྱེས་ཚོར་མཛད་པ་དེ་ནི་སྐུ་ཉིད་མཆོག་གིས་རང་ཅག་རྟ་དབང་མི་མང་སྤྱི་དང་།
ལྷག་པར་མོན་ཡུལ་གྱི་ས་གནས་དད་ལྡན་མང་ཚོགས་རྣམས་ཀྱིས་ཡུན་རིང་ནས་སྐོམ་པ་ཆུ་འདོད་ལྟར་རེ་བ་ཡོངས་སུ་བསྐོང་གནང་མཛད་པར་བརྟེན། ངས་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཐེངས་འདིར་སྐུ་ཉིད་མཆོག་གིས་ཕེབས་ལམ་བརྒྱུད་ནས་སྐུ་ངལ་འཛེམས་མེད་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དེ་ནི་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་མང་ཚོགས་རྣམས་ལ་ཐུགས་བརྩེ་བ་ཇི་ཙམ་ཡོད་པ་གསལ་པོར་མཚོན་ཐུབ། དེར་བརྟེན་ངས་སྐུ་ཉིད་མཆོག་ལ་སླར་ཡང་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོ་༧གོང་ས་སྐུ་ཕྲེང་ ༡༤ ལྟ་བུ་སྐྱེས་ཆེན་དམ་པ་འཇིག་རྟེན་འདིར་བྱོན་པའི་དུས་སྐབས་སུ་སྐྱེས་ནས་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཐོབ་པ་དང་། ལྷག་པར་འདི་ག་རྟ་དབང་ཁུལ་དུ་ཆིབས་སྒྱུར་ཐེངས་དྲུག་བསྐྱངས་པ་འདི་ནི་རང་ཅག་རྣམས་ཀྱི་བསོད་ནམས་ཀྱི་གོ་བསྐལ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ང་ཚོ་ཨ་རུ་ནཱ་ཅལ་པར་དེ་ཤིའི་མང་ཚོགས་སྤྱི་དང་། ལྷག་པར་མོན་ཡུལ་མང་ཚོགས་རྣམས་ཀྱིས་མགོན་པོ་གང་ཉིད་མཆོག་ལོ་ངོ་ ༥༨ གོང་ལྷ་ས་ནས་རྒྱ་གར་ས་ཐོག་ཀེན་ཛ་མ་ནིར། ཆུ་དང་མ། ཞེས་པ་དེར་༸ཞབས་སོར་འཁོད་སྐབས་ཕེབས་བསུར་བཅར་ཐུབ་པ་དང་། དེ་རྗེས་རྟ་དབང་དགོན་པར་ཆོས་འབྲེལ་ཐོག་མ་བསྐྱངས་གནང་མཛད་པ་དེ་དག་ནི་དམིགས་བསལ་གྱི་བསོད་ནམས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་རྟ་དབང་ས་ཁུལ་དུ་ཐེངས་འགའ་ཤས་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཆོས་འབྲེལ་སྩལ་ཏེ་དད་ལྡན་མང་ཚོགས་རྣམས་ཀྱི་རྒྱུད་སྨིན་པར་མཛད་ཡོད།
ཐེངས་འདིར་སླར་ཡང་སྐུ་ཉིད་མཆོག་འདིར་ཆིབས་སྒྱུར་བསྐྱངས་ནས་རང་ཅག་འདུལ་བྱ་རྣམས་ལ་བླང་དོར་གྱི་གནས་སྟོན་པའི་བཀའ་ཆོས་དང་། ལྷག་པར་བྱམས་བརྩེའི་ཉམས་ལེན་ཐོག་ནས་མི་ཚེ་བཟང་པོ་ཞིག་ཇི་ལྟར་སྐྱེལ་དགོས་པའི་ལམ་སྟོན་བསྩལ་རྒྱུ་ཡིན། སྐུ་ཉིད་མཆོག་འཛམ་གླིང་ཁྱོན་དུ་ཞི་བདེའི་དད་དཔོན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། སྐུ་ཉིད་མཆོག་གིས་ཀྱང་འཛམ་གླིང་ནང་འགྲོ་བ་མི་རྣམས་ཞི་བདེ་དང་འཆམ་མཐུན་ངང་གནས་དགོས་པའི་ཐུགས་ཀྱི་འཆར་སྣང་ལྟར་བཀའ་སློབ་ལམ་སྟོན་སྩལ་བཞིན་ཡོད་པ་མ་ཟད། དུས་རྟག་ཏུ་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཐབས་མཛད་མཁན་ཞིག་ཡིན།
དེར་བརྟེན་སྐུ་ཉིད་མཆོག་ནི་དེ་སྔ་དུས་རབས་ ༢༠ ནང་མེས་པོ་དམ་པ་གྷན་དི་མཆོག་ལྟ་བུ་དུས་རབས་ ༢༡ མེས་པོ་དམ་པ་གྷན་དི་ཡིན་ཞེས་ཞུ་ཆོག ད་ལྟ་འཛམ་གླིང་འདིའི་ནང་སྐུ་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་དང་དབུ་ཁྲིད་མཛད་དགོས་པ་ནི་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད། ལྷག་པར་འཛམ་གླིང་ས་ཕྱོགས་གང་སར་ཞེ་སྡང་དང་འཁྲུག་རྩོད་ཀྱིས་ཁེངས་པའི་གནས་སྟངས་འདིའི་འོག་སྐུ་ཉིད་མཆོག་གི་ལམ་སྟོན་དབུ་ཁྲིད་ནི་དེ་བས་དགོས་མཁོ་ཆེ་བ་ཡོད། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ངོས་ནས་སྐུ་ཉིད་མཆོག་གིས་ནང་ཆོས་དེ་ཚན་རིག་ལ་གཞི་བཅོལ་ནས་འགྲོ་དགོས་པའི་ལམ་སྟོན་མཛད་པ་འདི་ནི་ནང་ཆོས་ཀྱི་རྣམ་པར་རླབས་ཆེན་གྱི་འགྱུར་བ་ཞིག་ཆགས་ཡོད། དད་པ་ཙམ་ལ་ཆ་མ་བཞག་པར་རིག་པའི་ལམ་ནས་བརྟག་དཔྱད་བྱས། བརྡར་ཤ་བཅད་ནས་འགྲོ་དགོས་པར་གཞོན་སྐྱེས་ཚོར་བཀའ་སློབ་སྩོལ་བཞིན་པ་འདི་ནི་ནང་ཆོས་ཀྱི་གནས་ཚད་མཐོ་རུ་གཏོང་གནང་མཛད་པ་ཞིག་ཆགས་ཡོད། ཡིད་དགའ་ཆོས་འཛིན་འདིར་༸གོང་ས་མཆོག་གིས་བཀའ་ཆོས་ཐེངས་འགའ་ཤས་སྩལ་གནང་མཛད་པར་བརྟེན་གནས་ཧ་ཅང་བྱིན་ཅན་ཞིག་ཡིན།
ང་ཚོས་སྐུ་ཉིད་མཆོག་གི་ལམ་སྟོན་ལྟར་ཡིད་དགའ་ཆོས་འཛིན་འདི་ནང་ཆོས་ལ་དེང་དུས་ཤེས་ཡོན་ལྟར་སློབ་གཉེར་བྱེད་ཡུལ་བསྟི་གནས་ཁང་ཞིག་ཏུ་འགྱུར་ཐབས་ཆེད་ང་ཚོས་མཐུན་འགྱུར་གང་ཡོད་སྦྱོར་རྒྱུ་ཡིན། ལྷག་པར་བསྟི་གནས་ཁང་འདིར་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་བགྲོ་གླེང་སོགས་གོ་སྒྲིག་ཞུ་ཐུབ་པ་བྱ་རྒྱུ་ཡིན། ངས་གོ་སྐབས་འདི་བཟུང་ནས་ཨ་རུ་ནཱ་ཅལ་མང་ཚོགས་རྣམས་ཀྱི་མངོན་འདོད་ཡིད་ལ་བཅངས་ནས་སྐུ་ཉིད་མཆོག་ལ་གུས་ཕྱག་ཞུ་རྒྱུ་དང་། རྟ་དབང་ཡུལ་འདིར་༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་འཁྲུངས་ཡུལ་གྱི་གནས་ཁྱད་པར་ཅན་ཞིག་ཡིན་སྟབས་འབྱུང་འགྱུར་རྟ་དབང་ཡུལ་དུ་དུས་འཁོར་དབང་ཆེན་བཀའ་དྲིན་ཆེ་གནང་མཛད་རྒྱུའི་གསོལ་འདེབས་ཞུ་རྒྱུ་ཡིན།
ངས་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེ་སྤྱི་དང་ལྷག་པར་མོན་ཡུལ་མང་ཚོགས་རྣམས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་ལ་སླར་ཡང་བཀའ་དྲིན་ལྷ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན། དབུས་སའི་གཞུང་གཉིས་དང་ས་གནས་མང་ཚོགས་བཅས་ཀྱིས་སྐུ་ཉིད་མཆོག་ཁུལ་འདིར་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས་མཐུན་འགྱུར་ཇི་དགེ་མཁོ་སྒྲུབ་ཆེད་འབད་བརྩོན་གང་ཡོད་ཞུས་ཁུལ་ཡང་ད་དུང་མ་འདང་བ་དང་མ་མཐུད་པའི་ཆ་མང་དག་ཅིག་བྱུང་བ་མ་ཟད། བར་ལམ་གནམ་གཤིས་སོགས་ཀྱི་རྐྱེན་པས་སྐུ་ཉིད་མཆོག་སྟོན་འཁོར་དང་བཅས་པར་མཛད་དཀའ་འཕྲད་པ་དེར་སེམས་གཏིང་ནས་འགྱོད་བཤགས་ཞུ་རྒྱུ་དང་སྦྲགས། འབྱུང་འགྱུར་སྐུ་ཉིད་མཆོག་ཁུལ་འདིར་ཆིབས་སྒྱུར་བཀའ་དྲིན་ཡང་ཡང་སྩལ་གནང་མཛད་རོགས། ཞེས་གསོལ་འདེབས་ཞུ་རྒྱུ་དང་། མ་འོངས་པར་མགོན་པོ་གང་ཉིད་མཆོག་ས་གནས་འདིར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སྐབས་ང་ཚོས་ད་ལྟ་ལས་ལྷག་པའི་གོ་སྒྲིག་ཚགས་ཚུད་ཞུ་ཐུབ་པ་བྱ་རྒྱུ་ཡིན། ཞེས་སྐུ་ཉིད་མཆོག་ལ་ངས་ཁས་ལེན་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་ངས་གོ་སྐབས་འདི་བཟུང་ནས་སྐུ་ཞབས་ན་རེནྡྲ་མོ་དི་མཆོག་གིས་དབུ་ཁྲིད་པའི་རྒྱ་གར་གཞུང་གིས་༸གོང་ས་མཆོག་ཨ་རུ་ནཱ་ཅལ་པར་དེ་ཤིའི་ཁུལ་དུ་ཆིབས་སྒྱུར་བསྐྱངས་རྒྱུར་མཐུན་འགྱུར་རོགས་རམ་གནང་བར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་ནས་ཀྱང་ཆིབས་སྒྱུར་དང་འབྲེལ་བའི་ལམ་སྟོན་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ངོ་བསྟན་པ་ཚེ་རིང་མཆོག་གིས་གཙོས་འབྲེལ་ཡོད་འགོ་ལས་ཡོངས་ནས་ཐེངས་འདིའི་ཆིབས་སྒྱུར་གོ་སྒྲིག་ཞུ་ཕྱོགས་ཐད་སྔ་ཕྱི་ལམ་སྟོན་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ལྷ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་ངས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ནས་འདུལ་བྱ་རྣམས་ལ་མུ་མཐུད་བླང་དོར་བཀའ་སློབ་སྩལ་གནང་མཛད་རྒྱུར་གསོལ་འདེབས་ལན་མང་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།།