ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༧ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་ལྷན། སྡི་རང་ས་གནས་སུ་རྟེན་གཞི་བྱས་པའི་ཐུབ་གསུང་དར་རྒྱས་གླིང་གི་ཉེ་འགྲམ་དུ།
དེ་སྔ་ཕྱི་ལོ་ ༡༩༨༣ ཕྱི་ཟླ་ ༤ ཚེས་ ༡༣ ཉིན་དབུ་འབྱེད་རབ་གནས་མཛད་པའི་དུས་འཁོར་ལྷ་ཁང་བྱང་ཆུབ་ཆོས་གླིང་ཡོད་ས་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་དེར་འདུས་དད་ལྡན་མང་ཚོགས་རྣམས་ལ་བླང་དོར་བཀའ་སློབ་སྩལ་བའི་སྙིང་དོན།
ང་ཚོ་ནང་པ་ཞིག་ཡིན་པའི་ངོས་ནས་སེམས་པ་བཟང་པོ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། མི་ལ་ཕན་མ་ཐོགས་ནའང་གནོད་སྐྱེལ་མི་རུང་བའི་སྐོར། དེ་བཞིན་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ངོས་ནས་མ་ཎི་བགྲངས་པ་ཙམ་མིན་པར་ཆོས་ཉམས་ལེན་བྱ་རྒྱུ་གལ་ཆེ་ཡིན་སྐོར།
ས་གནས་སུ་བོད་མི་ཇི་ཙམ་ཡོད་མེད་ས་གནས་འགོ་འཛིན་གཡང་སྒྲུབ་ལགས་ལ་བཀའ་རྩད་མཛད་པར་བོད་མི་བཞི་བཅུ་ལྷག་ཙམ་ཡོད་སྐོར་སྙན་སྒྲོན་ཞུས། སྐབས་དེར་༸གོང་ས་མཆོག་གིས་བོད་མི་དེ་དག་འཚོ་བརྟེན་གང་ཡིན་སྐོར་བཀའ་རྩད་མཛད་པར། ས་འགོ་གཡང་སྒྲུབ་ལགས་ཀྱིས་བོད་མི་དེ་དག་གི་འཚོ་རྟེན་གྱོན་གོས་འཚོང་རྒྱག་བཞིན་ཡོད་སྐོར་སྙན་སྒྲོན་ཞུ་སྐབས། བོད་མི་རྣམས་ལ་སེམས་ཤུགས་མ་ཆག་པར་མུ་མཐུད་ཧུར་ཐག་བྱེད་དགོས་པ་དང་། ལྷག་པར་རྒྱ་གར་ཡུལ་མི་དང་འཆམ་པོ་བྱེད་དགོས་པའི་ལམ་སྟོན་མཛད།
དེ་ནས་ཆིབས་འཁོར་བརྒྱུད་རྟ་དབང་རྫོང་དུ་ཆིབས་༸ཞལ་བསྒྱུར། ནུབ་ཀེ་མེང་རྫོང་ནས་རྟ་དབང་རྫོང་ནང་འཛུལ་རྒྱུའི་ཕེབས་སྒོ། ཟེ་ལ་ཞེས་པའི་ལ་རྩེ་དེར་༸ཞབས་སོར་འཁོད་སྐབས། རྟ་དབང་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཚེ་རིང་བཀྲ་ཤིས་མཆོག་དང་། ལུམ་ལ་ས་གནས་གྲོས་ཚོགས་འཐུས་མི་འཇམ་དཔལ་བཀྲ་ཤིས་མཆོག རྟ་དབང་གི་རྫོང་དཔོན་སངས་ཕུན་ཚོགས་ Sang Phuntsok མཆོག རྟ་དབང་དགོན་པའི་མཁན་ལས་ཟུར། དེ་བཞིན་རྟ་དབང་དགོན་པའི་དགེ་བཤེས་བླ་སྤྲུལ་ཁག་གཅིག་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་ལ་རྩེ་དེར་ཟ་ཁང་ཆུང་ཆུང་ Prahari Cafetaria ཞེས་པ་དེར་གསོལ་ཇ་བཞེས་གནང་མཛད་པ་དང་སྦྲགས་སྐར་མ་ ༡༥ ཙམ་རིང་སྐུ་ངལ་གསོ་གནང་མཛད། དེ་ནས་ལམ་བར་དུ་ལྗང་ Jang ཞེས་པའི་གྲོང་ཚོ་ཆུང་ཆུང་དེར་རྟེན་གཞི་བྱས་པའི་ཀརྨ་བཀའ་བརྒྱུད་ཀྱི་མོན་དཔལ་སྤུངས་བྱང་ཆུབ་ཆོས་འཁོར་གླིང་དགོན་པར་ཉིན་གུང་ལྗགས་སྨིན་རྒྱས་བཞེས་མཛད།
དེ་ནས་ལ་ཧུ་ཝ་ Lahua དང་། ཁིར་མུ། Khirmu ཀིཏ་པི། Kitpi འབུམ་དིར། Bomdir ན་མེ་ཏི། Namit ཀྱབ་ལང་། Kyaplang ཁར་གཏོད། གྱང་དཀར་རྫོང་། Gyangkarzong ལིམ་པར་དོང་། Linpar dong གཙང་པོ་རོང་། Tsangporong སོགས་གྲོང་གསེབ་བརྒྱུད་ནས་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་ཆིབས་སྒྱུར་བསྐྱངས་སྐབས། མོན་ཡུལ་གྱི་དད་ལྡན་མང་ཚོགས་རྒན་གཞོན་ཕོ་མོ་ཁྲི་ཕྲག་བརྒལ་བས་སོ་སོའི་གྲོང་གསེབ་ནང་གི་ཕེབས་སྒོ་བཟོས་ནས། ལག་ཏུ་དཀར་གཙང་མཇལ་དར་དང་། མེ་ཏོག བདུག་སྤོས་སོགས་ཐོགས་ཏེ་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། སྐབས་དེར་༸གོང་ས་མཆོག་གིས་ཕེབས་སྒོ་འགའ་རེར་ཆིབས་འགྲོ་བཀག་ནས་ཐུགས་དགྱེས་ཚོར་ཆེན་པོས་ཕྱེ་མར་ཆང་ཕུད་བཞེས་གནང་མཛད།
དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་༸ཞབས་སོར་བདེ་བར་འཁོད། སྐབས་དེར་རྟ་དབང་དགོན་པའི་མཁན་ལས་ཟུར་རྣམས་དང་ལས་སྣེ། དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག དགེ་འདུན་པ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་དགོན་པའི་ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་རྟེན་འབྲེལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་གྲུབ་བསྟུན་བླང་དོར་བཀའ་སློབ་སྩལ་རྗེས་གཟིམ་ཆུང་དུ་༸ཞབས་སོར་འཁོད་གནང་མཛད་ཡོད་པ་བཅས།།