ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྡི་རང་ས་ཁུལ་དུ་རྟེན་གཞི་བྱས་པའི་ཐུབ་གསུང་དར་རྒྱས་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པར་རབ་གནས་བཀའ་དྲིན་གྱི་མཛད་སྒོའི་ཐོག་བཀའ་སློབ་སྩལ་དོན། སྤུན་མཆེད་ཕོ་མོ་རྣམ་པ། ངོས་རང་ནམ་རྒྱུན་སྐད་ཆ་ཤོད་སྐབས་སྤུན་མཆེད་ཕོ་མོ། ཞེས་འགོ་འཛུགས་བྱེད་ཀྱི་ཡོད། ངོས་ཀྱིས་གཏམ་བཤད་འགོ་འཛུགས་བྱེད་སྐབས་སྤུན་མཆེད་ཕོ་མོ། ཞེས་བརྗོད་པ་དེར་རྒྱུ་མཚན་ཡོད།
ཐོབ་གོ་ས་དེ་དག་དོན་དངོས་ཀྱི་གནས་སྟངས་ཤིག་མིན། དངོས་ཡོད་གནས་ཚུལ་ལ། ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན། ང་ཚོ་འཛམ་གླིང་ནང་གི་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་འགྲོ་བ་མིའི་རིགས་ཡིན་པ་གཅིག་གྱུར་རེད། འདི་དངོས་ཡོད་གནས་སྟངས་ཤིག་ཡིན་པ་ཙམ་དུ་མ་ཟད། ངོ་ཐོག་བསམ་བློ་བཏང་བ་ཡིན་ན་གནས་སྟངས་འདི་ནི་དངོས་ཡོད་རང་རེད། གཞི་རིམ་དངོས་ཡོད་ཀྱི་གནས་སྟངས་དེར་གཞི་བཞག་པ་ཡིན་ན། མི་གཅིག་གྱུར་ནང་ཁུལ་ཐུབ་ཚོད་དང་མགོ་སྐོར་སླུ་བྲིད། དེ་བཞིན་ཕན་ཚུན་ཞེ་འཁོན་རིགས་མི་ཡོང་། ཚན་རིག་པ་ཚོས་གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེའི་རང་བཞིན་ཡིན་པ་བརྗོད་བཞིན་ཡོད། དེ་སྔ་སྐབས་ཤིག་ཚན་རིག་པ་ཚོས་ཕྲུ་གུ་ཆུང་ཆུང་ཟླ་བ་ ༦ ཙམ་ཞིག་ལ་ཚོད་ལྟ་བྱས་ནས་དེ་ལྟར་ར་སྤྲོད་ཐུབ་པ་བྱུང་ཡོད།
དུས་རྟག་ཏུ་འཇིགས་སྣང་དང་ཁོང་ཁྲོ་ལངས་པ། སེམས་ངལ་ཤུགས་ཆེ་བ་སོགས་ཀྱིས་མིའི་ལུས་པོར་ཕྱི་ནས་ནད་རིགས་འགོག་བྱེད་ཀྱི་གཟུངས་ཤུགས་ Immune system དེ་ཉམས་ཆག་འགྲོ་བཞིན་ཡོད་པ་ཚན་རིག་པས་བརྗོད་བཞིན་ཡོད། དེ་ལས་ལྡོག་སྟེ་བྱམས་བརྩེའི་བློས་མིའི་གཟུངས་ཤུགས་མ་ཉམས་པར་གནས་ཐུབ་རྒྱུ་མ་ཟད། སྐབས་རེ་གཟུངས་ཤུགས་ཀྱི་ནུས་པ་འཕེལ་རྒྱས་འགྲོ་ཐུབ་ཀྱི་ཡོད་སྐོར་གསུངས། འདི་ནི་ཆོས་ཀྱི་སྐད་ཆ་གང་ཡང་མིན། ཚན་རིག་པ་ཚོས་ཚོད་ལྟ་བྱས་ནས་གྲུབ་དོན་ཞིག་ཆགས་ཡོད། ངོས་རང་དེ་རིང་མངའ་སྡེའི་སྲིད་སྐྱོང་མཆོག་ལ། ངོས་རང་ཕྱེད་ཀ་ནང་པ་ཡིན། ཕྱེད་ཀ་ཚན་རིག་པ་ཡིན། ཞེས་ཞུ་རྒྱུ་ཡིན། ཞེས་ཞལ་ཤོབ་མཛད། འགྲོ་བ་མིའི་རིགས་ཐེར་འབུམ་བདུན་ཡོད་པ་ཚང་མ་མི་གཅིག་གྱུར་ཡིན། ངོས་ཀྱིས་སྲིད་སྐྱོང་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་མ་གཏོགས་མི་འདྲ་བ་དེ་འདྲ་ཡིན་པ་ཞིག་ལ་རྩ་བ་ཉིད་ནས་ངོས་འཛིན་ཞུ་ཡི་མེད། ངོས་རང་ཨ་རིའི་སྲིད་འཛིན་མཆོག་གིས་གཙོས་དབུ་ཁྲིད་རྣམས་དང་མཇལ་འཕྲད་སྐབས་འགྲོ་བ་མི་གཅིག་གྱུར་གྱི་རིམ་པ་དེའི་ཐོག་ནས་བལྟ་བཞིན་ཡོད། རིམ་པ་འདིའི་ཐོག་ནས་བྱམས་བརྩེའི་རྣམ་པ་འདོན་སྐབས་རང་བཞིན་གྱིས་གཞན་དང་ལམ་སང་གྲོགས་པོ་ཆགས་ཐུབ་ཀྱི་འདུག
མཚམས་རེ་དབུ་ཁྲིད་ཁག་གཅིག་དང་ཐེངས་དང་པོ་མཇལ་སྐབས་སྤམ་པོ་དང་འདྲ་ཆགས་པོ། སྒམ་པོ་དེ་འདྲ་བྱེད་སྐབས་མཇལ་འཕྲད་མགྱོགས་པོ་གྲོལ་ན་བསམས་པའི་ཚོར་བ་ཡོང་གི་འདུག ངོས་རང་དེ་འདྲ་ལ་དགའ་པོ་མེད། དེ་ལས་ལྡོག་སྟེ་ཕྱི་གསལ་ནང་གསལ། ཁ་རི་ཁ་ཐུག་བྱས་ནས་མི་དང་མི་ཐུག་པའི་རྣམ་འགྱུར་འདོན་སྐབས་གཞན་དེར་རང་བཞིན་གྱི་སེམས་ཐག་ཉེ་པོ་ཆགས་ཐུབ་པ་མ་ཟད། མི་དེ་དང་ལྷན་ཆུ་ཚོད་མང་པོ་སྐད་ཆ་བཤད་འདོད་འདུག ངོས་ཀྱི་སྒེར་གྱི་ཉམས་མྱོང་དང་འབྲེལ་ནས་སྐད་ཆ་གཅིག་ཞུ་རྒྱུ་ཡིན། ཁྱེད་གསར་འགོད་པ་ཚོས་སྒྲོ་མ་བཏགས་རོགས། ཞེས་ཞལ་ཤོབ་མཛད་རྗེས་བཀའ་སློབ་སྩལ་དོན། ངོས་རང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷིལ་ཁི་ལིན་ཊོན་མཆོག་དང་མཇལ་འཕྲད་ཐོག་མ་གནང་སྐབས། ཁོང་ཏོག་ཙམ་སྒམ་པོ་གནང་གི་འདུག ངོས་དང་དེ་ཙམ་སེམས་ཐག་ཉེ་པོ་མ་གནང་བར་ཏོག་ཙམ་སྒམ་པོ་གནང་གི་འདུག དེ་རྗེས་མཇལ་འཕྲད་ཐེངས་གཉིས་པའི་སྐབས་ཕྲན་བུ་སེམས་ཐག་ཉེ་པོ་གནང་བྱུང་། དེ་ནས་མཇལ་འཕྲད་ཐེངས་གསུམ་པའི་སྐབས་དེ་ལས་སེམས་ཐག་ཉེ་བ་གནང་གི་འདུག ཕྱིས་སུ་ཁོང་སྲིད་འཛིན་ནས་འཁྱུར་སྐབས་དེ་ལྟར་ཞུ་སྐབས་ངོས་གཉིས་ཀར་གད་མོ་ཤོར་དགོས་པ་དེ་འདྲ་བྱུང་།
སྲིད་འཛིན་བྷུ་ཤི་ George W. Bush མཆོག་དང་ཐོག་མར་མཇལ་ནས་གསོལ་ཇ་ཞལ་ཏོག་གི་བར་སེང་སྐབས་ཞལ་ཏོག་བྲོ་བ་ཆེ་ཆུང་ངོས་ཀྱིས་བཀའ་འདྲི་ཞུ་སྐབས་དེ་མ་ཐག་ཁོང་གིས་ངོས་ལ་འདི་དང་འདི་ཞེས་ཁ་རི་ཁར་ཐུག་ཐོག་ནས་ལན་གནང་སྟབས། ངོས་ཀྱིས་བསམ་པར་ཁོང་དངོས་གནས་སྟོབས་ཆེན་རྒྱལ་ཁབ་གཅིག་གི་དཔོན་པོ་ཡིན་ནའང་དེ་འདྲའི་འདུ་ཤེས་མ་འཛིན་པར་མི་དང་མི་ཐུག་པ་ལྟ་བུ་གནང་བྱུང་སྙམས་པའི་ཚོར་བ་ཞིག་བསླེབས་བྱུང་། དེར་བརྟེན་ངོས་རང་ཁོང་ལ་དགའ་མོས་ཆེན་པོ་ཡོད། ངོས་གཉིས་མཇལ་འཕྲད་ཐོག་མའི་སྐབས་རང་ནས་སེམས་ཐག་ཉེ་བའི་གྲོགས་པོ་ཆགས་ཐུབ་བྱུང་།
དེ་རྗེས་ཨི་རཱག་ Iraq ནང་གི་དམག་འཁྲུག་ཤོར་རྗེས་ཐེངས་ཤིག་སྲིད་འཛིན་བྷུ་ཤི་མཆོག་དང་ངོས་གཉིས་མཇལ་འཕྲད་བྱུང་བ་རེད། སྐབས་དེར་ངོས་ཀྱིས་ཁོང་ལ། སྤྱིར་ངོས་རང་སྲིད་འཛིན་ཁྱེད་རང་ལ་དགའ་མོས་དང་གུས་འདུད་ཆེན་པོ་ཡོད། འོན་ཀྱང་ཁྱེད་ཀྱི་སྲིད་བྱུས་ཁག་གཅིག་ཐོག་ལ་ངོས་ལ་བསམ་འཆར་ཡོད། ཅེས་ཞུས་པར་ངོས་གཉིས་གད་མོ་དབང་མེད་དུ་ཤོར། དེ་ནས་གསང་བའི་གནས་ཚུལ་གཞན་ཞིག་ལ་སྲིད་འཛིན་ཨོ་བྷ་མ་མཆོག་དང་ངོས་རང་ངོས་ཤེས་ཧ་ཅང་ཡིན། ངོས་གཉིས་མཇལ་འཕྲད་མཐའ་མའི་སྐབས་ཁོང་གི་རྣ་ཅོག་ཕྲན་བུ་ཐེར་ཐེར་འདུག སྐབས་དེར་ངོས་ཀྱིས་ཁོང་ལ། ངས་ཁྱེད་ཀྱི་རྣ་ཅོག་ལ་ལག་པ་བཟུང་ན་འགྲིག་གམ། ཞེས་བཀའ་འདྲི་ཞུ་སྐབས་ཁོང་གིས་མོས་མཐུན་གནང་བ་ལྟར་ངོས་ཀྱིས་ཁོང་གི་རྣ་ཅོག་གཉིས་ལག་པས་བཟུང་ནས་མདོང་ཐུག་བརྒྱབ་པ་ཡིན། སྐབས་དེར་ཁོང་གིས་གསུང་དོན་ལྟར་ན། ཁོང་ཆུང་བྱིས་པའི་དུས་སུ་ཨ་མ་ལགས་ཀྱིས་རྣ་ཅོག་ནས་འཐེན་པར་བརྟེན་ཁོང་གི་རྣ་ཅོག་ཐེར་ཐེར་ཆགས་འདུག ཅེས་བཀའ་སློབ་སྩལ་རྗེས་ཐུབ་གསུང་དར་རྒྱས་གླིང་གཙུག་ལག་ཁང་འདི་ས་གནས་ཡུལ་མི་རྣམས་ལ་ནང་ཆོས་ངོ་སྤྲོད་དང་བསྙུང་གནས་འཚོག་རྒྱུ། བདུན་རེའི་ནང་ཆོས་ངོ་སྤྲོད་སོགས་བྱེད་སྒོ་ཁག་གཅིག་ལ་བསྔགས་བརྗོད་རྒྱ་ཆེ་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། ཤར་མོན་ནས་ནུབ་ལ་དྭགས་བར་ཧི་མཱ་ལ་ཡ་རི་རྒྱུད་ས་ཁུལ་ནང་ནང་ཆོས་དར་ནས་ཡོད། རྒྱུན་དུ་ང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་སངས་རྒྱས་སོགས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཙམ་དང་། དགོན་པ་དང་ལྷ་ཁང་སོགས་ནང་ཕྱག་མཆོད་འབུལ་ཕུལ་བ་ཙམ་གྱིས་མི་ཆོག ཐད་ཀར་ཞུ་ན་དེ་རིགས་ད་ཆ་དུས་ཚོད་ཡོལ་ཟིན་པ་རེད། ལམ་ལུགས་རྙིང་པ་རེད། དུས་རྒྱུན་ངོས་ཀྱིས་བོད་པ་དང་རྒྱ་རིགས། ཉི་ཧོང་། ཝི་ཏི་ནམ། ཐེ་ལེན་ཌི་སོགས་ནང་པའི་ཡུལ་གྲུ་ཁག་ནས་ཕེབས་པ་རྣམས་ལ་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ཙམ་ཡོད་པ་རྣམས་ལ་ཐོས་བསམ་སློབ་གཉེར་བྱེད་དགོས་པ་བརྗོད་ཀྱི་ཡོད།
དེང་སྐབས་བསམ་བློ་གཏོང་སྐབས་ང་ཚོ་བོད་མི་ཚོས་ལོ་ངོ་ཉི་ཤུ་སུམ་ཅུ་དཀའ་ལས་བརྒྱབ་ནས་ནང་ཆོས་ལ་སློབ་གཉེར་ཧ་ཅང་གཏིང་ཟབ་པོ་རྒྱག་བཞིན་པ་དེར་སྤོབས་པ་སྐྱེ་བཞིན་འདུག ལྷག་པར་རིགས་ལམ་གྱི་འགྲོ་སྟངས་ཐོག་ནས་རྟགས་གསལ་བཏང་ནས་རིག་པས་བརྡར་ཤ་བཅད་ནས་ང་ཚོས་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་དྲི་མ་མེད་པ་དེ་གཅེས་འཛིན་བྱེད་བཞིན་ཡོད། ད་ཆ་ཧ་མཱ་ལ་ཡ་ས་ཁུལ་གྱི་ཡུལ་མིའི་ཁྲོད་ནས་རྒྱ་གར་ལྷོ་ཕྱོགས་བོད་མིའི་དགོན་སྡེ་གྲྭ་ཚང་ཁག་ནས་སློབ་གཉེར་ཐོན་པ་མི་གྲངས་ལྔ་སྟོང་དྲུག་སྟོང་ཞིག་ཡོད། ཁོང་ཚོའི་ཁྲོད་ནས་མང་པོ་ཞིག་དགེ་བཤེས་དམ་བཅའ་བཞག་ནས་ད་ཆ་རང་ཡུལ་དུ་ཕྱིར་ལོག་རྗེས་བསྟན་པའི་བྱ་བར་ཞུགས་ཡོད་པ་མ་ཟད། མང་པོ་ཞིག་མུ་མཐུད་དགོན་པའི་ནང་སློབ་འཁྲིད་གནང་བཞིན་ཡོད།
ལྷག་པར་དེང་སྐབས་དགོན་སྡེ་གྲྭ་ཚང་ཁག་གཅིག་ནང་མཁན་པོ་གནང་མཁན་ཡང་ཡོད། དེར་བརྟེན་གཞོན་སྐྱེས་ཁྲོད་ནང་ཆོས་ལ་གཞི་ནས་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་པའི་རྣམ་པ་འདུག ཧ་ཅང་ཡག་པོ་རེད། གོང་དུ་ཁྱིམ་པ་ཕོ་མོ་ཁག་གཅིག་གིས་རིགས་ལམ་གྱི་རྟགས་གསལ་བཏང་བ་དེ་ཧ་ཅང་ཡག་པོ་རེད། རྟགས་གསལ་གཏང་རྒྱུ་དེ་གྲྭ་པ་གཅིག་པོའི་མིན། དེ་སྔ་དེ་འདྲའི་ལམ་ལུགས་ཡོད་ཀྱང་། འདས་པའི་ལོ་ངོ་ ༤༠ ཙམ་ནས་ཐོག་མར་ངོས་ཀྱིས་གྲྭ་པ་ཚོས་དཔེ་ཆ་བལྟ་དགོས་འདུག ཅེས་འབོད་སྐུལ་བྱས་པ་ཡིན། ཆོ་ག་ཕྱག་ལེན་གཅིག་པོས་འདང་གི་མེད། ཅེས་ཞུ་རྒྱུ་བྱུང་། དེར་བརྟེན་ཁོང་ཚོས་དཔེ་ཆ་ཤུགས་བརྒྱབ་ནས་བལྟས་པ་རེད། ཕྱོགས་མཚུངས་བཙུན་མ་ཚོས་ཀྱང་དཔེ་ཆ་བལྟ་དགོས་འདུག ཅེས་ངོས་ཀྱི་བརྗོད་རྒྱུ་བྱུང་། དེར་བརྟེན་ད་ཆ་བཙུན་མ་ཚོས་ལོ་ ༢༠ ལྷག་རིང་དཔེ་ཆ་བལྟས་ནས་སྔ་ལོའི་ཕྱི་ཟླ་ ༡༢ ནང་ངོས་ཀྱིས་བཙུན་མ་གྲངས་ ༢༠ ལ་དགེ་བཤེས་མའི་ཕྱག་འཁྱེར་སྤྲད་པ་ཡིན། ངོས་ལ་དགའ་སྤོབས་ཀྱི་ཚོར་བ་ཧ་ཅང་ཐོབ་བྱུང་། ད་ཆ་བོད་མི་དང་ལ་དྭགས་ཡུལ་མི་སྐྱ་བོ་ཕོ་མོ་ཚོས་རིགས་ལམ་ཐོག་ནས་རྟགས་གསལ་བཏང་འགོ་བཙུགས་པ་མ་ཟད། ཐེངས་འདིར་མོན་ཡུལ་མི་སྐྱ་ཕོ་ཚོས་ཀྱང་རྟགས་གསལ་གཏོང་འགོ་བཙུགས་པར་ངོས་ཀྱིས་དོན་དམ་གྱི་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།།