༢༠༡༧ ཟླ་ ༤ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནང་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་འབུམ་སྡེ་ལར་རྟེན་གཞི་བྱས་པའི་སྟོན་པའི་སྐྱེད་མོས་ཚལ། ཞེས་པ་དེར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བཀའ་དྲིན་སྩལ་ཡོད།
དེ་ཡང་༸གོང་ས་མཆོག་ཆིབས་སྒྱུར་མ་བསྐྱངས་སྔོན་ཙམ་ལ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག ནུབ་ཁེ་མེང་རྫོང་དཔོན་མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་གཅིག་བཅས་ཕེབས་རྗེས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། ཕྱི་ལོ་ ༢༠༠༩ ལོར་༸གོང་ས་མཆོག་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ནང་ཆིབས་སྒྱུར་བསྐྱངས་རྗེས་ཐེངས་འདིར་སླར་ཡང་མངའ་སྡེའི་ནང་༸ཞབས་སོར་འཁོད་ཐུབ་པར་ང་ཚོ་ཚང་མའི་སེམས་ནང་སྤྲོ་སྣང་ཧ་ཅང་ཡོང་བཞིན་འདུག་པ་འདི་ནི་ཡུལ་མི་ཚོའི་ཕྱིའི་རྣམ་འགྱུར་ནས་གསལ་པོར་རྟོགས་ཐུབ་པ་ཞིག་རེད།
ལྷག་པར་དེ་རིང་ནུབ་ཀེ་མེང་རྫོང་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་འཆར་ཉིན་དང་པོ་ཡིན་སྟབས་ཉེ་འཁོར་ས་ཁུལ་ཁག་ནས་དད་ལྡན་ཆོས་ཞུ་བ་མང་པོ་ཞིག་འདིར་འདུ་འཛོམས་བྱུང་ཡོད། ང་ཚོས་དད་ལྡན་མང་ཚོགས་རྣམས་ཀྱི་འདོད་དོན་བསྒྲུབ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་སྟབས། འདི་ག་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ནང་གང་ཉིད་མཆོག་ལ་དད་གུས་ཞུ་མཁན་དང་བཀའ་སྲུང་ཅི་སྒྲུབ་ཞུ་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད། རྒྱ་གར་རྒྱལ་ཡོངས་དང་འཛམ་གླིང་ཁྱོན་ཡོངས་སུ་དད་གུས་ཞུ་མཁན་དང་བཀའ་སྲུང་ཅི་སྒྲུབ་ཞུ་མཁན་ཧ་ཅང་མང་པོ་ཡོད་པར་བརྟེན་ཐེངས་འདིར་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་༸ཞབས་སོར་འཁོད་ཐུབ་པ་འདི་ནི་ཧ་ཅང་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།
སྤྱིར་མཛད་འཆར་ལྟར་ན་༸གོང་ས་མཆོག་ཐད་འཕུར་གནམ་གྲུ་བརྒྱུད་རྟ་དབང་དུ་ཆིབས་སྒྱུར་བསྐྱངས་གཏན་འཁེལ་ཡོད་ནའང་གནམ་གཤིས་ཡག་པོ་མ་བསྟན་པར་བརྟེན། ཐད་འཕུར་གནམ་གྲུའི་ནང་གོ་སྒྲིག་ཞུ་ཐབས་བྲལ། འོན་ཀྱང་མགོན་པོ་གང་ཉིད་མཆོག་གིས་འབུམ་སྡེ་ལ་ནས་རྟ་དབང་བར་ས་ཐོག་བརྒྱུད་ཆིབས་སྒྱུར་བསྐྱང་དགོས་ཚེ་ལམ་ཐག་ཧ་ཅང་རིང་པོ་ཡོད་ཀྱང་། ད་རེས་རྟ་དབང་དུ་ངེས་པར་དུ་༸ཞབས་སོར་འཁོད་ཐུབ་རྒྱུ་ཡིན། ཞེས་བཀའ་བཞེས་བཟང་པོ་ནན་གྱིས་གསོལ་སྩལ་མཛད་སྟབས། རྟ་དབང་ཁུལ་དུ་དད་ལྡན་སེར་སྐྱ་ཧ་ཅང་མང་པོ་སྐོམ་པ་ཆུ་འདོད་ལྟར་༸གོང་ས་མཆོག་གི་༸ཞལ་མཇལ་གསུང་ཐོས་ཆེད་ཡུན་རིང་ནས་ངང་སྒུག་ཞུ་བཞིན་ཡོད་སྟབས་ཁོང་རྣམས་ཀྱི་ཆེད་དགོངས་བཞེས་མཛད་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ཡིན། ཞེས་ལན་འདེབས་གནང་བ་མ་ཟད། རྒྱ་ནག་གིས་ཆིབས་སྒྱུར་འདིའི་ཐོག་སྐྱོན་བརྗོད་བྱེད་བཞིན་པའི་གནད་དོན་ཐོག་ལན་འདེབས་གནང་དོན། ཐེངས་འདིར་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆིབས་སྒྱུར་དང་འབྲེལ་ནས་སྐྱོན་བརྗོད་བྱེད་བཞིན་པ་དེར་ངས་ཐད་ཀར་ཞུ་ན། ང་ཚོ་རྒྱ་ནག་དབར་ས་འབྲེལ་གྱི་ས་མཚམས་མེད། ང་ཚོ་དང་བོད་དབར་ས་མཚམས་ཡོད། དེར་བརྟེན་རྒྱ་ནག་གིས་གནད་དོན་འབྲེལ་བ་མེད་པ་ཞིག་ཐོག་སེམས་ཚབ་བྱེད་དགོས་པ་དང་། ཨ་རུ་ནཱ་ཅལ་མངའ་སྡེ་དང་རྒྱ་གར་རྒྱལ་ནང་གི་གནད་དོན་ཐོག་ཐེ་བྱུས་བྱེད་དགོས་པ་གང་ཡང་མེད། ཅེས་ལན་འདེབས་གནང་།།