༢༠༡༧ ཟླ་ ༤ ཚེས་ ༤ རེས་གཟའ་མིག་དམར།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འཁོན་རིགས་བསྟན་པའི་མངའ་བདག་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལྷོ་ཕྱོགས་ས་སྐྱའི་དགོན་ཁག་གསུམ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣ ཉིན་གྱི་སྔོ་དྲོ་ཚོུད་ ༩།༢༥ ཐོག་སྦེང་ལོར་གནམ་ཐང་དུ་ཞབས་སོར་འཁོད་སྐབས་ལྷོ་ཕྱོགས་གཞིས་སྤྱི་དང་། ས་སྐྱ་དགོན་ཁག་གསུམ་གྱི་མཁན་པོ་དང་གཙོ་འཛིན་ལས་སྣེ་རྣམ་པ། སྦེང་ལོར་གནས་འཁོད་ས་གནས་རང་བདེན་ཚོགས་ཆུང་གཙོས་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་འགན་འཛིན་བཅས་ཁྱོན་མི་གྲངས་ ༣༥ ལྷག་ཙམ་ནས་སེར་བང་རུ་སྒྲིག་གིས་ལག་ཏུ་མཇལ་དར་ཐོགས་ཏེ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་གནམ་ཐང་ཉེ་འཁྲིས་ཀྱི་མགྲོན་ཁང་དུ་སྐུ་འཁོར་དང་བཅས་ཕེབས་ཐོན་གྱིས་སྐུ་ངལ་གསོ་རྒྱུ་དང་ཉིན་གུང་ལྗགས་སྨིན་གནང༌།
དེ་ཉིན་གྱི་ཕྱི་དྲོའི་ཚོུད་ ༧ ཐོག་སྦེང་ལོར་གནམ་ཐང་བརྒྱུད་ཧུབ་ལིར་ཕེབས་ཐོན་གྱི་དགོང་མོ་ཧུབ་ལི་མགྲོན་ཁང་དུ་བཞུགས། ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༡༥ ཐོག་ཧུབ་ལི་ནས་ཕེབས་འཁོར་བརྒྱུད་མོན་གྷོ་འདོད་རྒྱུ་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་བརྩེ་ཆེན་དམ་ཆོས་གླིང་དུ་ཞབས་སོར་འཁོད་པ་དང༌། དེ་ནས་ཕྱི་ཚེས་ ༡༧ བར་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་སེར་སྐྱ་མང་ཚོགས་ལ་ཆོས་འབྲེལ་དང་བཀའ་དབང་བཀྲིན་གནང་རྗེས་མོན་གྷོ་གཞིས་ཆགས་ནས་ཧུབ་ལི་བརྒྱུད་སྦེང་ལོར་དུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༩ ཉིན་སྦེང་ལོར་ནས་ཕེབས་འཁོར་བརྒྱུད་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཕེབས་ཏེ་ཕྱི་ཚེས་ ༢༠ ཉིན་མི་མང་ལ་ཆོས་འབྲེལ་གནང་གྲུབ་བསཏུན། ཕྱི་ཚེས་ ༢༡ ཉིན་སྦེལ་ཀོབ་ས་སྐྱ་དགོན་པར་ཆིབས་ཐོན་གྱི་ཕྱི་ཚེས་ ༢༧ བར་ཆོས་འབྲེལ་གནང་རྒྱུ། ཕྱི་ཚེས་ ༢༨ ཉིན་སྦེལ་ཀོབ་ས་སྐྱ་དགོན་པ་ནས་ཕེབས་ཐོན་གྱིས་སྦེང་ལོར་བརྒྱུད་ལྡི་ལིར་ཕེབས་རྒྱུ་ཡིན་འདུག་པ་བཅས།།