ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ Krishna Kanta Handiqui State Open University (KKHSOU) ཞེས་པའི་གཙུག་ལག་སློབ་ཁང་དང་། ལོ་ངོ་ ༧༥ རིང་ནས་ས་གནས་སློབ་ཕྲུག་གི་ཁྲོད་ཡོངས་གྲགས་ཡོད་པའི་Lawyers Book Stall ཞེས་པའི་དཔེ་དེབ་ཁང་གཉིས་ཐུན་མོང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། གོང་ཚེས་ཉིན་གྱི་སྔ་དྲོ་ཐོག་མར་༸གོང་ས་མཆོག་གྷོ་ཝ་ཧ་ཊིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོམས་ཆེན་དུ་༸ཞབས་སོར་འཁོད་སྐབས། གདན་ཞུ་གསོལ་འདེབས་ཞུ་མཁན་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ཧི་ཏེ་ཤི་དེ་ཁ་ Dr Hitesh Deka ལགས་ཀྱིས་སྲོལ་རྒྱུན་གྱི་ལམ་ནས་འཚམས་འདྲི་ཞུས་པ་དང་སྦྲགས་མཇལ་དར་དང་མེ་ཏོག་སོགས་ཕུལ་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་གྷོ་ཝ་ཧ་ཊིའི་གཙུག་ལག་སློབ་གྲྭ་ཆེན་མོའི་སྐུ་ཞབས་ཨེས་ཀེ་ན་ཐི་ Dr SK Nath ལགས་ཀྱིས་ཀྱང་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་འདུག
དེ་རྗེས་Lawyers Book Stall ཞེས་པའི་དཔེ་དེབ་ཁང་གི་སྦྱིན་བདག་ Bhaskar Dutta-Baruah ལགས་ཀྱིས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས་ཨ་སམ་སྐད་ཡིག་ནང་ཕབ་བསྒྱུར་ཞུས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ཀྱི་ཕྱག་དེབ་དབུ་འབྱེད་མཛད་རྒྱུར་གསོལ་འདེབས་ཞུས་རྗེས། ༸གོང་ས་མཆོག་གིས་དཔེ་དེབ་དབུ་འབྱེད་དང་ཆབས་ཅིག་དེར་འདུས་མང་ཚོགས་ ༡༥༠༠ བརྒལ་བར་འགྲོ་བ་མི་རིགས་གཅིག་གྱུར་ཡིན་བསམས་པའི་འདུ་ཤེས་འཛིན་རྒྱུ་གལ་ཆེན་ཡིན་སྐོར་དང་། དེང་སྐབས་འཛམ་གླིང་ནང་མིས་བཟོས་པའི་དཀའ་ངལ་མང་དག་གཅིག་ཡོད་པ་དེ་དག་གི་འབྱུང་ཁུངས་ལྟེ་བ་ནི་སེམས་མ་དུལ་བའི་རྐྱེན་གྱི་ཡིན་སྟབས། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པ་སངས་རྒྱས་པའི་གཞུང་ལས་སེམས་ཁམས་རིག་པའི་སྐོར་སློབ་སྦྱོང་བྱེད་ཐུབ་པ་ཡིན་ན་དགེ་མཚན་ཆེ་བ་ཡོད་སྟབས། དེང་སྐབས་གང་ཉིད་མཆོག་གིས་རྒྱ་གར་གྱི་གཞོན་སྐྱེས་ཚོར་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་རྒྱ་གར་གྱི་ལེགས་བཤད་དེ་དག་ལ་དོ་སྣང་ཆེ་ཙམ་བྱེད་པ་བརྒྱུད། ལེགས་བཤད་དེ་དག་ནི་རང་ཉིད་ཀྱི་སེམས་དུལ་རྒྱུ་དང་། གཞན་ལ་བྱམས་བརྩེ་དང་འཚེ་མེད་ཞི་བའི་ཐོག་ནས་རྩོད་རྙོག་རིགས་ལ་གདོང་ལེན་བྱེད་དགོས་པའི་སྐུལ་མ་མཛད་ཀྱི་ཡོད་སྐོར་བཀའ་སློབ་སྩལ་འདུག
དེ་ཉིན་གྱི་ཕྱེད་ཡོལ་གྲོང་ཁྱེར་དེའི་ནང་ཨ་སམ་མངའ་སྡེ་དང་རྒྱ་གར་དབུས་གཞུང་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བའི་ཡར་ཀླུང་གཙང་པོ་སྲུང་སྐྱོབ་ཀྱི་ལས་འགུལ་ Namami Brahmaputra ཞེས་པའི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་༸ཞབས་སོར་འཁོད་སྐབས། མངའ་སྡེའི་གཙོ་འཛིན་དང་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཤེས་ཡོན་ནི་ཡར་རྒྱས་གོང་འཕེལ་གྱི་གཞི་རྩ་ཡིན་པ་དང་། དེ་ཡང་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོ་ཡར་རྒྱས་གཙིགས་ཆེར་འཛིན་པ་མ་ཡིན་པར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་གསོ་སྤྲོད་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་སྩལ་ཡོད།
མཛད་སྒོའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མངའ་སྡེའི་གཙོ་འཛིན། མངའ་སྡེའི་དཔལ་འབྱོར་བློན་ཆེན། འགྲིམ་འགྲུལ་བློན་ཆེན། ཨ་སམ་རུ་ཁག་གི་དམག་དཔོན་བཅས་ཀྱང་ཕེབས་ཡོད། སྐབས་དེར་ལོ་ངོ་ ༥༨ གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་འབྱོར་སྐབས་ས་མཚམས་ནས་སྣེ་ལེན་ཞུ་མཁན་རྒྱ་གར་གྱི་དམག་མིའི་རུ་ཁག་ཁོངས་སུ་ཡོད་མཁན་དམག་མི་ཟུར་པ་ཞིག་དེར་བཅར་ཡོད་པ་ཁོང་དང་ལྷན་མགོན་པོ་གང་ཉིད་མཆོག་གིས་སྐུ་དཔར་ལྷན་སྒྲོན་གནང་ཡོད།
ཕྱོགས་མཚུངས་དེ་ཉིན་༸གོང་ས་མཆོག་གིས་ཤི་ལོང་དང་ཨི་ཊ་ན་གར་སོགས་ས་ཁུལ་ཁག་ནས་བཅར་བའི་བོད་མི་གྲངས་ ༤༠༠ ཙམ་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སྩོལ་སྐབས། མི་རབས་གཞོན་པ་ཚོར་བོད་ཀྱི་སྐད་ཡིག་སློབ་སྦྱོང་ཡག་པོ་སྤྲད་དེ་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དགོས་པའི་བཀའ་སློབ་ཕེབས་འདུག །