ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ ཉིན་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དབུ་བཞུགས་ཐོག་ཕ་རན་སི་འབྲེལ་མཐུད་པ་གསར་པ་རྣམ་རྒྱལ་བསམ་གྲུབ་ལགས་ཀྱིས་ཕ་རན་སི་འབྲེལ་མཐུད་པའི་ལས་ཁུར་རྩིས་སྤྲོད་རྩིས་ལེན་གྱི་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་འདུག
དེ་ཡང་རྣམ་རྒྱལ་བསམ་གྲུབ་ལགས་ནི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་སྐྱེས་ཤིང་། ཚོང་རིག་ཐོག་གཙུག་ལག་རབ་འབྱམས་པ་ཐོན་རྗེས། ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་དཔལ་འབྱོར་ལས་ཁུངས་སུ་ཕྱག་ལས་གནང་། དེ་ནས་ཕྱི་ལོ་ ༢༠༠༦ ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཁོངས་དངོས་སུ་འཛུལ་ཞུགས་གནང་། ཁོང་ཕ་རི་སིའི་འབྲེལ་མཐུད་པར་འདེམས་ཐོན་མ་བྱུང་གོང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་མ་དངུལ་གྱི་རྩིས་པ་དང་འགན་འཛིན་ལས་རོགས་གནང་ཡོད།
མཛད་སྒོའི་སྐབས་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་མི་མི་རེ་ངོ་རེ་ལ་བོད་ཀྱི་རྩ་ོདན་བསྒྲུབ་རྒྱུའི་དམིགས་ཡུལ་གཅིག་མཚུངས་ཡོད་པ་དེ་སྒྲུབ་ཐབས་སུ་ཐུན་མོང་གི་འགན་འཁྲི་ཡོད་སྐོར་ནན་བརྗོད་གནང་འདུག
སྤྱིར་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༩ ནས་ ༣༡ བར་ཕ་རན་སི་འབྲེལ་མཐུད་པ་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་སྐབས་ཀྱི་སྤྲོད་དཔང་དུ་སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་ངོ་ཚབ་ཏུ་སྦར་སེལ་དོན་ཁང་གི་དྲུང་ཆེ་མཐུ་སྟོབས་རྣམ་རྒྱལ་ལགས་ཕེབས་ཡོད། དེ་བཞིན་ཕ་རན་སི་འབྲེལ་མཐུད་པ་གསར་པ་རྣམ་རྒྱལ་བསམ་གྲུབ་ལགས་ལ་ཕ་རན་སི་བོད་རིགས་ཚོགས་པའི་རྒྱུན་ལས་ཚོགས་མི་རྣམས་དང་ས་གནས་བོད་མིའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་ནས་འཚམས་འདྲི་ཞུས་འདུག ཕ་རན་སི་འབྲེལ་མཐུད་པ་ཟུར་པ་ཚེ་རིང་དོན་གྲུབ་ལགས་བདེ་སྲུང་ལས་ཁུངས་སུ་གནས་སྤོས་གནང་ཡོད། །