༢༠༡༧ ཟླ་ ༣ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བ་བརྒྱུད། བོད་མིར་གདུང་སེམས་མཉམ་སྐྱེ་དང་བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་མི་ཚོས་རྩོད་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་སྐོར་གསལ་སྟོན་གནང་ཡོད།
དེ་ཡང་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། སུད་སི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Maya Graf ལགས་ཀྱིས་བཙན་བྱོལ་བོད་མིའི་ཡང་དག་པའི་མང་གཙོའི་ལམ་ལུགས་ལ་བསྔགས་བརྗོད་གནང་བ་དང་སྦྲགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་བཞིན་གཞན་དང་མི་འདྲ་བར་ཚགས་ཚུད་པོ་ཡོད་པར་བསྔགས་གནང་ཡོད། དེ་རྗེས་གྲོས་ཚོགས་འཐུས་མི་ལྕམ་ Barbara Gysi ལགས་ཀྱིས་ཐེངས་འདིའི་འཚམས་གཟིགས་དེས་ཁོང་རྣམ་པར་བོད་དོན་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་སྔར་ལྷག་གོ་རྟོགས་བྱུང་ཡོད་སྐོར་དང་། བོད་ཀྱི་གནད་དོན་སེལ་བའི་ཐབས་ལམ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཆེད་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཐབས་འབད་བརྩོད་བྱ་རྒྱུ་ནི་སུད་སི་གཞུང་གི་ལས་འགན་གལ་ཆེན་པོ་ཞིག་ཆགས་ཡོད་སྐོར་གསུངས།
དེ་བཞིན་སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Thomas Buchli ལགས་ཀྱིས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་བོད་དོན་རྒྱབ་སྐྱོར་གནང་བཞིན་པ་དེ་ནི་རྒྱ་ནག་གི་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་གཞིས་བཞུགས་བོད་མི་ཚོར་རེ་བའི་བརྡ་ལན་ཞིག་སྟེར་གྱི་ཡོད་པ་མ་ཟད། རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་རྒྱལ་སྤྱིའི་སྟེང་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཤེས་དགོས་ཞེས་དང་། བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན་སུད་སི་གྲོས་ཚོགས་འཐུས་མི་ ༢༤ ལྷག་གིས་བོད་ཀྱི་རྒྱལ་དར་ལག་ཏུ་བཟུང་ནས་བོད་མིར་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བསྟན་ཡོད་པ། ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སུད་སིར་རྒྱལ་དོན་འཚམས་གཟིགས་སུ་སླེབ་སྐབས། ས་གནས་བོད་རིགས་ཚོགས་པ་ཁག་བཞིས་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཆེད་སུད་སི་གཞུང་ལ་རྒྱབ་སྐྱོར་ཆེད་འབོད་སྐུལ་གྱི་ཞུ་ཡིག་ཅིག་ཕུལ་ཡོད་པ་དེ་ཉིད་སྲིད་འཛིན་ཞི་ཅིན་ཕིང་ལ་དངོས་སུ་འཕྲོད་ཐུབ་པ་བྱུང་ཡོད་སྐོར་ཡང་གསུངས་སོང་། མཐར་གྲོས་ཚོགས་འཐུས་མི་རྣམ་པས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།
ཐེངས་འདིའི་གསར་འགོད་ལྷན་ཚོགས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སུད་སིའི་སྲིད་དོན་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་གྲོས་ཚོགས་འཐུས་མི་དྲུག སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་ཚོགས་མི། བོད་མི་མང་ཡུ་རོབ་སྤྱི་འཐུས་རྣམ་གཉིས། སུད་སི་སྐུ་ཚབ་དོན་གཅོད། སུད་སི་བོད་རིགས་ཚོགས་པའི་རྒྱུན་ལས་གཅིག་བཅས་ཕེབས་ཡོད།
སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིས་བསྡུས་པའི་སྐུ་ཚབ་ཚོགས་ཆུང་རྡ་སར་ཕེབས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་བཅས་དང་མཇལ་མོལ་གནང་ཡོད། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ལྷན་ཁང་ཁག་ལ་གཟིགས་སྐོར་དང་། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལག་བསྟར་ཇི་ལྟར་གནང་བཞིན་ཡོད་པ་རྣམས་ལ་རྒྱུས་ལོན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་གཅིག་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས། དེ་བཞིན་སློབ་གྲྭ་དང་གྲོས་ཚོགས་འཐུས་མི་བཅས་དང་མཇལ་འཕྲད་གནང་མཐར། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་མཇལ་འཕྲད་གནང་རྗེས་ཕྱིར་རང་ཡུལ་དུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག
དེ་ཡང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་འདི་གའི་གསར་འགོད་པར་ཐེངས་འདིའི་སྐུ་ཚབ་རྣམ་པའི་འཚམས་གཟིགས་ཀྱི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་དོན། སུད་སི་གྲོས་ཚོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། ལོ་མང་རིང་ནས་འབད་བརྩོན་གནང་བའི་རྗེས་འབྲས་སུ་ད་ལོ་ཁོང་རྣམ་པ་དངོས་སུ་རྡ་སར་ཕེབས་ཐུབ་པ་བྱུང་ཡོད། གཞན་ཡང་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་པར་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་གནས་སྟངས་སོགས་ལ་ཤེས་རྟོགས་དང་རྒྱུས་ལོན་དགོས་གལ་ཆགས་ཡོད་པར་བརྟེན་ཁོང་རྣམས་ཆེད་མངགས་རྡ་སར་ཕེབས་པ་ཞིག་ཆགས་ཡོད། དེ་ལྟར་ཁོང་རྣམ་པས་བོད་མི་སྐྱབས་བཅོལ་བའི་གནས་སྟངས་རྒྱུས་ལོན་པའི་ཐོག་ནས་སུད་སི་གྲོས་ཚོགས་ནང་བགྲོ་གླེང་ལྷུགས་པོ་ཡོང་ཆེད་རེད་འདུག ཅེས་གསུངས། །