ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་འཁོན་རིགས་བསྟན་པའི་མངའ་བདག་སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་མཇལ་བཅར་ཞུ་རྒྱུ་དང་། སྡེ་ར་ལྡུན་ཉེ་འཁོར་གྱི་ས་གནས་དང་སློབ་གྲྭ་ཁག་གཅིག་ལ་འཚམས་གཟིགས་སོགས་ཀྱི་སླད་སྡེ་ར་ལྡུན་གནམ་ཐང་དུ་ཕེབས་འབྱོར་སྐབས་བདེ་སྐྱིད་གླིང་བོད་མིའི་ས་གནས་འགོ་འཛིན་ནོར་བུ་ལགས་དང་། མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ཀརྨ་ཆུང་བདག་ལགས། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གནམ་ཐང་ནས་གྷོ་རི་མ་ཕི་མ་སུ་རི་བོད་ཁྱིམ་ཡན་ལག་སློབ་གྲྭར་ཆེད་ཕེབས་ཀྱིས་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་དོན། སྡེ་ར་ལྡུན་ས་གནས་འགོ་འཛིན་དང་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་དང་ལས་བྱེད་རྣམ་པ། གྷོ་རི་མ་ཕི་སློབ་གྲྭའི་སློབ་སྤྱིས་གཙོས་པའི་དགེ་རྒན་ལས་བྱེད། སློབ་ཕྲུག་བཅས་ལ་ངས་བཀའ་ཤག་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་ ༡༥ ངོས་ནས་ལྔ་དང་ལྔ་བཅུའི་འཐབ་བྱུས་ཞེས་ཞུ་གི་ཡོད། ང་ཚོས་བྱེད་ཐུབ་པ་ནི། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། ང་ཚོས་རྩོད་རྒྱུ་དེ་བོད་མིའི་ཆེ་མཐོང་རེད། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་ཆེ་མཐོང་འཐབ་རྩོད་བྱེད་རྒྱུ་རེད། ལྔ་དང་ལྔ་བཅུའི་འཐབ་བྱུས་ཀྱིས་འབྱུང་འགྱུར་ལོ་ལྔའི་ནང་དབུ་མའི་ལམ་གཞིར་བཞག་ཐོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་དེ་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་རྩ་ཆེ་ཤོས་དེ་རེད། དེ་ག་འདྲ་བྱས་ནས་ཡོང་གི་རེད་ཅེ་ན། བོད་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་དགོས་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པར་བརྟེན་བོད་མི་རྣམས་གདུག་རྩུབ་འོག་གནས་ཡོད་སྟབས། དེ་མེད་པར་བཟོས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་པ་ཡིན་ན་ང་ཚོ་འགྲིག་གི་འདུག ཅེས་པ་འདི་ལོ་ལྔའི་འཐབ་བྱུས་རེད། དེ་དང་མཉམ་དུ་ལོ་ལྔ་བཅུའི་འཆར་གཞི་དགོས་རེད། གང་ཡིན་ཟེར་ན་ང་ཚོ་བཙན་བྱོལ་ནང་ལོ་ལྔ་བཅུ་ལྷག་པ་རེད། གལ་ཏེ་ད་དུང་ལོ་ལྔ་བཅུ་ལྷག་པ་ཡིན་ན། ང་ཚོ་འཚོ་གནས་ཐུབ་དགོས།
ལོ་ལྔ་བཅུའི་ནང་རྒྱ་ནག་འགྱུར་བ་འགྲོ་གི་རེད། རྒྱ་ནག་འགྱུར་བ་ཕྱིན་པ་ཡིན་ན། ང་ཚོར་རྨང་གཞིའི་རང་དབང་ཐོབ་ཀྱི་རེད། དེར་བརྟེན་ལོ་ལྔའི་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཀྱི་རེད། དེ་མིན་ལོ་ལྔ་བཅུའི་ནང་བོད་ལ་རྨང་གཞིའི་རང་དབང་ཐོབ་ཀྱི་རེད། ལོ་ལྔའི་འཆར་གཞི་ལྟར་ང་ཚོའི་ནུས་པ་དང་ཆ་རྐྱེན་དེ་དག་ལྔ་བཅུ་ལའང་འདྲ་འདྲ་སྤུང་བ་དང་འབད་བརྩོན་བྱེད་དགོས། གང་ཡིན་ཞེ་ན། ལྔ་བཅུ་ཇི་ཙམ་བརྟན་པོ་ཆགས་པ་ཡིན་ན། ལྔ་ལ་ཕན་གྱི་ཡོད། རྒྱ་ནག་གཞུང་ཡིན་ནའང་ང་ཚོ་དང་མཉམ་དུ་སྐད་ཆ་བཤད་དང་མ་བཤད། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གནང་དང་མ་གནང་འདི་ཕྱོགས་གཅིག་ནས་བོད་མིའི་སྒྲིག་འཛུགས་འདི་ལོ་ལྔ་གནས་ས་རེད་དམ། ལོ་ལྔ་བཅུ་གནས་ས་རེད། ལོ་བཅུ་གནས་ས་རེད། ལྟ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་འདི་ལོ་བཅུ་ནང་སྦོ་ལུག་ས་རེད་བསམས་ན་སྐད་ཆ་བཤད་ཀྱི་མ་རེད། རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་འདི་ལས་སླ་པོ་མི་འདུག་ལོ་ལྔ་བཅུ་མུ་མཐུད་གནས་ས་རེད། ཁོ་ཚོས་མི་རིགས་ངོ་བོ་སྲུང་སྐྱོབ་བྱེད་ཀྱི་འདུག ཆེ་མཐོང་རྩོད་ཀྱི་འདུག་སྙམ་པ་ཡིན་ན། རྒྱ་ནག་གཞུང་གིས་ལོ་ལྔ་བཅུ་གནས་པ་ལས་ལོ་ལྔར་ལག་པ་འཆང་ནས་སྐད་ཆ་བཤད་ན་དྲགས་ས་རེད། བསམ་གྱི་རེད་དམ་མ་རེད། དེར་བརྟེན་ལྔ་དང་ལྔ་བཅུ་ནི་གཅིག་ཕན་གཉིས་ཕན་རེད། ལྔ་ནི་རྒྱ་ནག་གཞུང་ལ་རག་ལུས་ཡོད། ང་ཚོའི་ངོས་ནས་ག་དུས་ཡིན་ན་ག་བར་ཡིན་ན། གྲ་སྒྲིག་ཡོད་ཅེས་ཞུ་བཞིན་ཡོད། ལྔ་བཅུ་གནས་པར་བོད་མིའི་སྒྲིག་འཛུགས་འདི་འཚོ་བ་དང་ནུས་པ་འཕེལ་བ། རྒྱུན་གནས་དགོས་ཀྱི་ཡོད། དེ་ནས་ང་ཚོར་རྒྱལ་ཁ་ཐོབ་ཀྱི་རེད།
དེ་ནས་ལོ་ལྔ་བཅུ་གནས་པར་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནས་གང་བྱེད་དགོས་འདུག ཅེས་བསམ་བློ་མང་པོ་གཏོང་གི་ཡོད། བཀའ་ཤག་སྐབས་ ༡༤།༡༥ ནས་གང་བྱས་པ་ཡིན་ནའང་ཁྲིམས་དང་མཐུན་པ། འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་ལས་ཀ་བྱེད་དགོས། ནང་སྲིད་ལྟ་བུ་ཡིན་ན་གཞིས་ཆགས་སྲ་བརྟན་དང་། འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་ལྟ་སྐྱོང་ལས་གཞི། དཔལ་འབྱོར་ལས་ཁུངས་ནས་བོད་པའི་དངུལ་ཁང་བརྒྱག་རྒྱུ་བྱེད་ཀྱི་ཡོད། ལས་ཁུངས་ཁག་ནས་ལས་གཞི་ཆེ་ཁག་སྤེལ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་འཚོ་དགོས་པ་མ་ཟད་ནུས་པའང་འཕེལ་དགོས། ནུས་པ་འཕེལ་བར་གཙོ་བོ་ཤེས་ཡོན་གལ་ཆེ་ཤོས་རེད། སློབ་ཕྲུག་རྣམ་པས་ང་ཉམ་ཐག་ཡིན་ངའི་ཕ་མར་སློབ་སྦྱོང་མེད་བསམས་ནས་དཔའ་ཞུམ་དགོས་དོན་མེད། སློབ་ཕྲུག་ཚོ་བརྩོན་འགྲུས་བྱས་ནས་སློབ་སྦྱོང་ཡག་པོ་ངེས་པར་དུ་སྦྱང་དགོས་པ་མ་ཟད། ཉིན་མ་རེར་ཉུང་མཐར་ཆུ་ཚོད་བཅུ་སློབ་སྦྱོང་བྱེད་དགོས། དེ་བཞིན་དགེ་རྒན་དང་ལས་བྱེད་རྣམ་པས་སོ་སོའོ་མི་ཚེ་འདི་ཤེས་ཡོན་གཙོ་བོ་རྩིས་པའི་ཐོག་ནས་བློས་གཏོང་བྱས་པ་དེ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ཤེས་ཡོན་ནི་ང་ཚོའི་མ་རྩ་རེད། ང་ཚོའི་རྩ་ཆེ་བའི་འགན་དེ་ཤེས་ཡོན་རེད། དགེ་རྒན་ཚོར་འགན་དམིགས་བསལ་ཡོད། དགེ་རྒན་བཟང་ངན་གང་འདྲ་ཡོད་མེད་སློབ་ཕྲུག་གི་མི་ཚེ་ནང་ནམ་ཡང་བརྗེད་ཀྱི་མ་རེད། དགེ་རྒན་རྣམ་པར་བོད་ཀྱི་མ་འོངས་སོན་རྩ་དེ་དག་ཤེས་ཡོན་ཚད་ལྡན་སྤྲོད་རྒྱུའི་འགན་འཁྲི་ཡོད། བོད་པའི་ཕྲུ་གུ་ཞིག་ཤེས་ཡོན་ཡག་པོ་ཆགས་པ་ཡིན་ན། བོད་པའི་རྩ་དོན་ལ་ཕན་གྱི་རེད་བསམས་པའི་ཐོག་ནས་ཕྱག་ལས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དགེ་རྒན་གྱིས་འཛིན་ཁང་སྒོ་བརྒྱབ་ནས་སློབ་ཁྲིད་མ་གནང་བ་དང་སྟངས་འཛིན་ལེགས་པོ་མ་གནང་བ་ཡིན་ན། ཕྲུ་གུའི་མི་ཚེ་འཕྲོ་བརླག་འགྲོ་གི་ཡོད་སྟབས། དགེ་རྒན་རྣམས་ལ་དམིགས་བསལ་འགན་ཡོད། ང་ཚོས་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་རྣམས་ལ་དུས་རྟག་ཏུ་བཀའ་དྲིན་ཆེན་པོ་བརྩིས་ཀྱི་ཡོད་པར་བརྟེན་དགེ་ལས་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན།
བཀའ་ཤག་ནས་ཉེ་ཆར་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་སྤེལ་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བུད་མེད་ནི་བཀའ་དྲིན་ཆེ་བའི་ཨ་མ་ལགས་ཡིན་སྟབས། བྱམས་སྙིང་རྗེའི་ནུས་པ་གཞན་ལས་ཆེ་བ་ཡོད་པ་དང་། བྱམས་སྙིང་རྗེ་གཞིར་བཞག་པའི་འགོ་ཁྲིད་དེ་བུད་མེད་ཀྱི་གནང་ཐུབ་ཀྱི་རེད། དེ་བཞིན་དུས་རབས་ཉི་ཤུའི་ནང་མི་གསོད་ཁྲག་སྦྱོར་ཧ་ཅང་མང་པོ་བྱུང་བ་དེ་སྐྱེས་པ་རྣམས་འགོ་ཁྲིད་ཡིན་པར་བརྟེན་བྱུང་བ་རེད། དུས་རབས་ཉི་ཤུ་འདི་ཞི་བདེའི་དུས་རབས་ཆགས་དགོས་ཀྱི་ཡོད་ན། བྱམས་སྙིང་རྗེ་ལྡན་པའི་བུད་མེད་ཀྱི་འགོ་ཁྲིད་ཡོང་དགོས། ཅེས་བཀའ་སློབ་སྩལ་ཡོད། བུད་མེད་ནུས་སྟོབས་གོང་སྤེལ་ལ་སྲིད་སྐྱོང་དང་བཀའ་ཤག་ནས་རྒྱབ་སྐྱོར་ཡོད།
གཞན་ཡང་བློ་ཕམ་པ་ཞིག་ལ་སློབ་གྲྭ་ཁག་གཅིག་གི་ནང་བུད་མེད་ལ་སློབ་གྲྭའི་དགེ་རྒན་ལས་བྱེད་ཀྱིས་བཙན་གཡེམ་བྱས་པའི་གནས་ཚུལ་ཡོང་གི་འདུག འདི་ཧ་ལས་པའི་ཐབས་སྐྱོ་བོ་རེད། ཁ་སྔོན་སློབ་གྲྭ་ཁག་གི་འགན་འཛིན་ཚོགས་འདུའི་སྐབས་དེ་འདྲའི་གནས་ཚུལ་བྱུང་ཚེ་དགེ་རྒན་དང་ལས་བྱེད་སུ་ཡིན་ནའང་འཕྲལ་དུ་ཉེན་རྟོག་པར་རྩིས་སྤྲད་དེ་བཙོན་འཇུག་བྱེད་རྒྱུ་རེད་མ་གཏོགས་སློབ་གྲྭར་ཉར་རྒྱུ་མེད། ཅེས་བཀའ་བསྡུར་བྱུང་། འདི་ན་ཚ་རང་རེད། དེ་འདྲའི་གནས་ཚུལ་བྱུང་ཚེ་་སློབ་སྤྱི་དང་ཤེས་རིག་ལས་ཁུངས་སུ་ཞུ་དགོས། འདིར་དེ་འདྲ་གོ་རྒྱུ་མི་འདུག་ཡག་པོ་རེད། སློབ་གྲྭ་གཅིག་གཉིས་ལ་དེ་འདྲ་གོ་རྒྱུ་འདུག འདི་ཧ་ལས་པའི་ཐབས་སྐྱོ་བོའི་གནས་ཚུལ་རེད། དེ་འདྲ་ནམ་ཡང་འབྱུང་རྒྱུ་མེད། ཕ་མ་རྣམས་ནས་སོ་སོའི་རྩ་ཆེ་བའི་ཕྲུ་གུའི་མི་ཚེ་མདུན་ལམ་ཆེད་སློབ་གྲྭའི་དགེ་རྒན་ལས་བྱེད་ལ་བཅོལ་གྱི་ཡོད། སློབ་གྲྭའི་ནང་ཕྲུ་གུར་ཐུབ་ཚོད་དང་དྲང་བདེན་མིན་པ་དེ་འདྲ་བྱེད་ན་རྩ་་བ་ཉིད་ནས་མགྲིག་གི་མེད། ཅེས་ནན་པོ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་སློབ་གྲྭའི་འཛིན་ཁང་དང་། ཉལ་ཁང་། སྨན་ཁང་སོགས་ལ་གཟིགས་གནང་ཡོད་པ་བཅས།།