ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༩ ཉིན་རྡ་ས་དབུས་བོད་ཀྱི་སྨན་རྩིས་ཁང་དུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་བརྒྱ་དང་གཅིག་འཁོར་བ་དང་། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་རིང་པོར་མ་ཐོགས་པར་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་ ༥༦ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། བཙན་བྱོལ་ནང་སྨན་རྩིས་ཁང་ཐོག་མར་བསྐྱར་གསོ་བྱེད་སྐབས་སྨན་པ་གཅིག་དང་སློབ་ཕྲུག་བཞི་ལས་མེད་པ་དང་། ད་ལྟའི་ཆར་སྨན་རྩིས་ཁང་ནས་སྨན་པ་གསུམ་བརྒྱ་ལྷག་ཐོན་ཡོད། མི་ཐོག་རྒན་པ་ཚོས་༸གོང་ས་མཆོག་གི་བཀའ་དགོངས་བཞིན་དཀའ་ལས་བརྒྱབ་སྟེ་རིམ་པས་ཡར་རྒྱས་ཕྱིན་པ་ཞིག་ཆགས་ཡོད།
ང་ཚོས་ཐོག་མར་གང་འདྲ་བྱས་ཏེ་འགོ་བཙུགས་པ་དེ་དུས་ནམ་ཡང་བརྗེད་རྒྱུ་མེད། དེ་དྲན་པའི་ཐོག་ནས་སྨན་པ་དང་ལས་བྱེད་སོགས་ནས་༸གོང་ས་མཆོག་གིས་ཐོག་མར་བཀའ་སློབ་དང་དགོངས་གཞི་གང་ཡིན་པ་དེ་ཡིད་ལ་བཅངས་པའི་ཐོག་ནས་སྐུ་ལས་སྐྱོན་རྒྱུ་ཧ་ཅང་གལ་ཆེན་པོ་རེད་སྙམ་གྱི་འདུག དེ་ལྟར་བྱས་ཚེ་ང་ཚོ་མུ་མཐུད་ད་ལྟ་ལས་ལྷག་ཡར་རྒྱས་འགྲོ་གི་རེད་ཅེས་ཞུ་རྒྱུ་ཡིན། བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཐབས་བྱུས་འོག་ནས་འབྱུང་འགྱུར་ལོ་ལྔའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དང་། འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་མིའི་སྒྲིག་འཛུགས་མུ་མཐུད་སྲ་བརྟན་རྒྱུན་གནས་ཐུབ་པ་བྱས་ཏེ་བོད་མིའི་རང་དབང་འཐབ་རྩོད་རྒྱུན་སྐྱོང་བྱེད་རྒྱུ་ཡིན།
བོད་མིའི་སྒྲིག་འཛུགས་ལོ་ལྔ་བཅུ་གནས་ཐུབ་པ་ཞེས་བརྗོད་སྐབས་སྨན་རྩིས་ཁང་ཡང་དེའི་ནང་ཚུད་ཡོད། དེ་གནས་པར་ག་རེ་བྱེད་དགོས་རེད་ཅེས་བརྗོད་ན། དཔེར་ན། འཕྲོད་བསྟེན་ལས་ཁུངས་ལྟ་བུར་མཚོན་ན། སྨན་བཅོས་ལྟ་སྐྱོང་གི་ལས་གཞི། དཔལ་འབྱོར་ལས་ཁུངས་ལྟ་བུ་མཚོན་ན་དངུལ་ཁང་འཛུགས་རྒྱུ། ནང་སྲིད་ལས་ཁུངས་ལྟ་བུ་མཚོན་ན་རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༡༤ ལོར་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་གཏན་འབེབས་གནང་བ་དེ་མངའ་སྡེ་དང་རྫོང་སོགས་ལ་ལག་བསྟར་བྱས་པ་བརྒྱུད་གཞིས་ཆགས་ཁག་དེ་དག་ཁྲིམས་མཐུན་བཟོས་ཏེ་གནས་ཐུབ་པ་བྱེད་རྒྱུ། ཤེས་རིག་ལས་ཁུངས་ངོས་ནས་ཤེས་ཡོན་སྲིད་བྱུས་གཙོ་བོ་གཞིར་བཞག་ཐོག་འཛིན་རིམ་དང་པོ་ནས་ལྔ་པ་བར་བྱིས་པའི་ཀློག་རྩལ་གོང་འཐོར་གཏོང་ཐབས་ཆེད་འབད་བརྩོན་ཆ་ཚང་བྱས་ཏེ། སློབ་ཕྲུག་གི་ཤེས་ཡོན་རྨང་གཞི་ཐོག་ནས་ཡར་རྒྱས་བཏང་ཐུབ་ཚེ་འབྱུར་འགྱུར་ཡར་རྒྱས་འགྲོ་ངེས་ཅན་རེད་ཅེས་ཞུ་བཞིན་ཡོད།
སྨན་རྩིས་ཁང་ལྟ་བུ་ཡིན་ན་ད་བར་ཡག་ཐག་ཆོད་གནས་ཡོད། ད་དུང་ལོ་ལྔ་བཅུ་གནས་དགོས་བྱུང་ན་གང་འདྲ་གནས་ཐབས་བྱེད་དམ། ང་ཚོ་ཁག་གཅིག་གིས་ད་བར་ལོ་ལྔ་བཅུ་གནས་ཐུབ་པ་རེད། མ་འོངས་པ་ལོ་ལྔ་བཅུ་ཡང་གནས་ཐུབ་ཀྱི་རེད་དྲན་མཁན་དེ་འདྲའང་ཡོད། དེ་ལྟར་མིན། དཔེར་ན། བལ་ཡུལ་དང་བོད་དབར་ལོ་རྒྱུས་ཐོག་ནས་ཆོས་དང་རིག་གཞུང་གི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ཆབ་སྲིད་ཀྱི་འགྱུར་འགྲོས་དང་རྒྱ་ནག་གི་སྣོན་ཤུགས་ལ་བརྟེན་ནས་བལ་ཡུལ་དོན་གཅོད་སྒོ་བརྒྱབ་དགོས་བྱུང་ཡོད། བོད་ཡུལ་དུ་གནས་སྡོད་བོད་མི་ཚོར་ཡུལ་དེར་གནས་སྡོད་ཆོག་པའི་ལག་འཁྱེར་རག་གི་མེད། ཕྲུ་གུ་སློབ་གྲྭར་སློབ་འཇུག་ཞུ་དགོས་ན་ཁྲིམས་མཐུན་ཐོག་ནས་འགྲོ་རྒྱུ་ཁག་པོ་ཆགས་ཡོད། སློབ་སྦྱོང་བྱས་རྗེས་ལག་ཁྱེར་ཡོད་ནའང་ལས་ཀ་རག་རྒྱུ་ཁག་པོ་ཡོད། དེར་བརྟེན་ང་ཚོས་ད་ལྟ་བར་གནས་ཐུབ་པ་བཞིན་མ་འོངས་པའང་གནས་ཐུབ་རྒྱུ་རེད་བསམས་ན་ནོར་བ་རེད། ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོ་ཕྱིན་པའི་རྐྱེན་གྱིས་བལ་ཡུལ་ནང་གི་བོད་མི་ཚོར་དཀའ་ངལ་ག་ཚོད་འདུག་གམ། དེར་བརྟེན་འབྱུང་འགྱུར་འཛམ་གླིང་སྤྱི་ཡོངས་ནང་དཀའ་ངལ་འདི་འདྲ་ཡོང་སྲིད་པ་རེད། དེ་ལྟར་མི་ཡོང་ཆེད་ད་ལྟ་ནས་ག་རེ་བྱེད་རྒྱུ་ཡོད་མེད་ཐོག་མནོ་བསམ་གཏང་དགོས། ད་ལྟའི་ཆར་བོད་སྨན་གྱི་ཕན་གྱི་ཡོད་པ་ཡོངས་གྲགས་ཆགས་ཡོད།
འོན་ཀྱང་གལ་སྲིད་མ་འོངས་པར་བོད་སྨན་གྱི་སྤུས་ཚད་ཕྲན་བུ་ཞན་དུ་ཕྱིན་ཏེ་གཟུགས་པོར་གནོད་པའི་རྒྱུ་རུ་ཕྱིན་ནས་གསར་འགྱུར་བརྒྱུད་ལམ་སོགས་ཀྱི་ནང་ཁྱབ་བསྒྲགས་ཕྱིན་ན། སྨན་རྩིས་ཁང་རང་བཞིན་གྱི་མིང་ཆད་ཡོང་རྒྱུ་དང་། བོད་པའི་སྨན་པས་རྩ་བལྟས་ཏེ་ཚོད་