༢༠༡༧ ཟླ་ ༣ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༩ ནས་ཟླ་ ༤ ཚེས་ ༡༧ བར་བོདམིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དང་། སྦེལ་ཀོབ། ཧོན་སུར། ཀོ་ལི་གྷལ། མོན་གྷོ་བོད་མིའི་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཕྱོགས་ཕེབས་ནི་བཀའ་ཤག་གི་བཀའ་བློན་རྣམ་པ་རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་འཆར་གྱི་ཆ་ཤས་ཡིན་འདུག
དེ་ཡང་བཀའ་བློན་མཆོག་ཕྱི་ཚེས་ ༣༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ ཐོག་སྦེང་ལོར་དུ་ལས་རིམ་དང་། ཕྱི་ཟླ་ ༤ ཚེས་ ༡ ནས་ ༣ བར་སྦེལ་ཀོབ་ལུགས་བདེ་གཞིས་ཆགས་སུ་གཟིགས་སྐོར་དང་། དེ་བཞིན་བཀའ་བློན་མཆོག་གིས་སྦེལ་ཀོབ་ཞིང་འབྲོག་ས་ཐོག་ཏུ་གཞུང་ཞབས་བགྲེས་ཤག་གསར་རྒྱག་ལེགས་གྲུབ་བྱུང་བ་དབུ་འབྱེད་དང་བགོ་འགྲེམས་གནང་རྒྱུ། དེ་རྗེས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་དང་། ས་གནས་རྫོང་དཔོན་དང་ལྷན་ཧུན་སུར་བོད་མིའི་ས་ཞིང་བོགས་གཏོང་གནང་བའི་ཁྲིམས་མཐུན་གན་རྒྱར་མཚན་རྟགས་འགོད་རྒྱུའི་མཛད་སྒོར་ལྷན་ཞུགས་གནང་རྒྱུ། ཕྱི་ཚེས་ ༨ ཉིན་བཀའ་བློན་མཆོག་ཀོ་ལི་གྷལ་དོན་ལྡན་གླིང་དུ་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོ་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་ཕེབས་གནང་རྒྱུ།
ལྷོ་ཕྱོགས་ཁུལ་གྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༢༠ ཉིན་ས་ཏོན་ཁམས་ཀ་ཐོག་བོད་མིའི་གཞིས་ཆགས་ཀྱི་མགྲོན་ཁང་དབུ་འབྱེད་དང་། ཕྱི་ཚེས་༢༡ ཉིན་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་མགྲོན་འབོད་ལྟར་ཆེད་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས།།