༢༠༡༧ ཟླ་ ༣ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པ་ཝན་ཀུ་མཱར་ཅམ་གླིང་ Pawan Kumar Chamling མཆོག་གི་ཡབ་ཨཱཤ་བྷ་ཧཱ་དུར་ཅམ་གླིང་ Ash Bahadur Chamling མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༨ ཉིན་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། ངས་བོད་མི་སྤྱི་དང་ལྷག་པར་འབྲས་ལྗོངས་ཁུལ་གྱི་བོད་མི་རྣམས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་གི་ཡབ་ཨཱཤ་བྷ་ཧཱ་དུར་ཅམ་གླིང་མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་གསོ་ཞུ་རྒྱུ་དང་། ཡིད་གདུང་དྲག་པོས་མནར་བཞིན་པའི་དུས་སྐབས་འདིར་ང་ཚོས་སྐུ་ཉིད་མཆོག་དང་སྐུ་འཁོར་ནང་མི་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན།
ང་ཚོས་དམ་པ་ཁོང་གིས་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་རྣམས་དག་ཅིང་། རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པ་དང་། སྐུ་ཉིད་མཆོག་དང་ནང་མི་ལྟོས་བཅས་ཡོངས་ལ་ཡིད་ཀྱི་གདུང་བ་ལྕི་མོ་འདི་བཟོད་ཐུབ་པའི་ནུས་པ་སྦྱིན་རོགས། ཞེས་དཀོན་མཆོག་གསུམ་ལ་གསོལ་སྨོན་ཞུ་རྒྱུ་མ་ཟད། འབྱུང་འགྱུར་སྐུ་ཉིད་མཆོག་གིས་སྔར་རྒྱུན་བཞིན་ལྷག་བསམ་དང་ཆོད་སེམས་བརྟན་པོའི་ཐོག་ནས་མངའ་སྡེའི་མང་ཚོགས་རྣམས་ཀྱི་ཞབས་ཞུ་མུ་མཐུད་ནས་བསྒྲུབ་ཐུབ་པའི་སྨོན་མདུན་ཞུ་བཞིན་ཡོད། ཅེས་འཁོད་འདུག །