༢༠༡༧ ཟླ་ ༣ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༡༠༡༧ ཟླ་ ༣ ཚེས་ ༢༤ ཉིན་བཏང་གནས་ནང་འཁོད་དོན། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ཟླ་འདིའི་ཚེས་ ༢༢ ནས་ ༢༦ བར་ཨོ་སི་ཀྲི་ལི་ཡར་རྒྱལ་དོན་འཚམས་གཟིགས་ཕེབས་སྐབས་འདི་ཕྱོགས་གནས་འཁོད་བོད་མི་རྣམས་ནས་ཞི་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཨོ་སི་ཀྲི་ལི་ཡར་རྒྱལ་དོན་འཚམས་གཟིགས་ཕེབས་སྐབས། མཛད་རིམ་སྔ་ས་ནས་འགྲེམས་སྤེལ་བྱས་པའི་རྐྱེན་གྱིས་བོད་པ་དང་། མང་གཙོ་དོན་གཉེར་བ། རྩ་རླུང་སྒོམ་བསྒྲུབ་ཚོགས་པ་སོགས་ཀྱིས་ཕྱོགས་ཀུན་ནས་ཞི་རྒོལ་གྱི་ལས་འགུལ་སྣ་མང་སྤེལ་བར་བརྟེན། ད་ཐེངས་ཨོ་རྒྱ་ཕྱོགས་གཉིས་ནས་ལི་ཡི་འཚམས་གཟིགས་མཛད་རིམ་ལ་གསང་རྒྱ་ཆེན་པོ་བྱས་ཡོད་ཀྱང་། གོང་གསལ་ཚོགས་པ་ཁག་ནས་ཐབས་ཤེས་ཡོད་རྒུ་བྱས་ཏེ་ཕྱི་ཚེས་ ༢༢ ཉིན་གྱི་མཚན་མོར་སྲིད་བློན་ལི་ཁེ་ཆང་ཨོ་གླིང་རྒྱལ་ས་ཁེན་བྷེ་རྭར་འབྱོར་སྐབས། ཁེན་བྷེ་རྭ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་འཕྲད་དར་མཁའ་སྒྲེང་ཐོག་འབོད་སྒྲ་དང་བཅས་མགྲོན་ཁང་མདུན་དུ་ངོ་རྒོལ་ཤུགས་ཆེ་སྤེལ་ཡོད།
ཕྱི་ཚེས་ ༢༣ ཉིན་ཨོ་སི་ཀྲི་ལི་ཡ་གཞུང་ནས་ཨོ་གླིང་གྲོས་ཚོགས་ཀྱི་མདུན་ཐང་དུ་རྒྱ་ནག་གི་སྲིད་བློན་ལ་ཕེབས་བསུའི་མཛད་སྟོན་གཟབ་རྒྱས་ཤིག་བཤམས་པར། ཁེན་བྷེ་རྭ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོགཨོ་གླིང་གྲོས་ཚོགས་ཀྱི་མདུན་ཐང་དུ་ཁེན་བྷེ་རྭར་གནས་བཞུགས་བོད་མི་དང་། དེ་བཞིན་སིཌ་ནེ་དང་ནའོ་རྭ། ཁེན་པེལ་ཊ་འོང་བཅས་ནས་ཆེད་དུ་ཕེབས་པའི་བོད་མི་ཁྱོན་ ༡༥༠ ཙམ་གྲོས་ཚོགས་མདུན་ཐང་དུ་འཛོམས་ཏེ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་འཕྲད་དར་ཆེན་པོ་སྒྲིག་འཇོག་གིས་སྲིད་བློན་ལི་ཁེ་ཆང་སྒུག་བཞིན་པའི་མུར། ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་མ་ཡེ་ཀལ་ཌེན་སྦེ་ Michael Danby MP མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་ལི་ས་སིང་མཆོག་ Senator Lisa Singh ལུ་གྲུ་ལམ་མཆོག Senator Scott Ludlum ནིག་མེག་ཀམ་མཆོག Senator Nick McKim མཁེ་ལེར་མུར་མཆོག Senator Claire Moore པི་ཊར་ཝི་ཤི་ཝིལ་སོན་ Senator་Peter Whish-Wilson མཆོག་བཅས་གྲོས་ཚོགས་འཐུས་མི་དྲུག་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་མདུན་ཐང་དུ་དོན་ཏེ་གསུང་བཤད་གནང་བར། གསར་འགྱུར་བརྒྱུད་ལམ་དང་། ཞི་རྒོལ་འཐབ་རྭ་གཅིག་ནང་ཡོད་པའི་རྩ་རླུང་སྒོམ་བསྒྲུབ་ཚོགས་པ་དང་ཤར་ཏུ་ཀན་སི་ཐང་། སྲིད་བློན་ལི་ལ་དགའ་བསུ་ཞུ་མཁན་རྒྱ་རིགས་ཚོར་དོ་སྣང་དང་ཚོར་བ་དམིགས་བསལ་བ་ཞིག་སྟེར་ཡོད།
ད་ཐེངས་ཀྱི་ཞི་རྒོལ་སྐབས་སུ་ཞི་རྒོལ་བའི་སྡིངས་ཆ་དང་སྲིད་བློན་ལི་ལ་གཞུང་འབྲེལ་ཕེབས་བསུ་ཞུ་སའི་སྡིངས་ཆ་བར་མི་ཊར་ཉིས་བརྒྱ་ཙམ་གྱི་རྒྱང་ཐག་མ་གཏོགས་མེད་སྟབས། མཁའ་དབྱིངས་སུ་ལྷང་ལྷང་དུ་བསྒྲེངས་པའི་བོད་ཀྱི་རྒྱལ་དར་དང་། ཞི་རྒོལ་བ་ཚོའི་འབོད་སྒྲ་སོགས་ལི་ཡི་མིག་ལམ་དང་རྣ་ལམ་དུ་བརྒྱ་ཆ་བརྒྱ་ཆོད་ཡོད་པ་རང་རེ་དང་འབྲེལ་བ་ཡོད་པའི་ལས་མི་ཚོས་ནང་གཏམ་དུ་གསུངས་ཡོད་འདུག་ལ། ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་མིང་ཐོག་ནས་ཨོ་སི་ཀྲི་ལི་ཡའི་གཞུང་མང་ལ་ཕུལ་བའི་ཞུ་བསྐུལ་ཡིག་ཆ་གཅིག་དང་། རྒྱ་ནག་གི་སྲིད་བློན་ལི་ལ་ཕུལ་བའི་ཞུ་བསྐུལ་ཡིག་ཆ་གཅིག་བཅས་ཨིན་བོད་རྒྱ་སྐད་ཡིག་གསུམ་ཐོག་འགྲེལ་སྤེལ་ཞུས་པའི་ནང་། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་དད་བཅས་པ་བརྡལ་བཤིག་ཚབས་ཆེ་བཏང་བའི་དབང་གིས་བོད་མི་ ༡༤༦ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རྣམས་ཀྱི་དགོས་འདུན་དང་འབོད་སྒྲ་ལ་དོ་སྣང་དགོས་པ། བོད་ནང་དུ་རྒྱ་མི་འབོར་ཆེ་གནས་སྤོས་དང་། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེ་ཐེབས་པའི་གཏེར་ཁ་བསྔོག་འདོན་དང་ལས་གྲྭ་ཁག་མཚམས་འཇོག་དགོས་པ། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་མཚན་སྨད་ཞུས་པའི་སྤྱོད་ངན་རིགས་མཚམས་འཇོག་བྱས་ཏེ་དབུ་མའི་ལམ་གྱི་དགོངས་དོན་གཞིར་བཟུང་བོད་ཀྱི་གནད་དོན་ཐག་གཅོད་གནང་བར་འབྲེལ་མོལ་བསྐྱར་གསོ་དགོས་པ་སོགས་བརྡ་ལན་གསལ་པོ་སྤྲད་ཡོད།
ཐེངས་འདིའི་ཞི་རྒོལ་ལས་འགུལ་སྐབས་སྲིད་བློན་ལི་ལ་དགའ་བསུ་ཞུ་མཁན་རྒྱ་མི་རིགས་ཕོན་ཆེ་དང་བོད་མི་ཕྱོགས་གཅིག་ཏུ་འཁེལ་གྱི་ཡོད་སྟབས། ཁོ་ཚོས་རྔ་བརྡུང་སྦུག་དཀྲོལ་དང་། རོལ་དབྱངས་སྒྲ་སྒམ་སྐད་ཤུགས་ཆེ་ཤོས་སུ་བཏང་སྟེ་བོད་མི་ཚོའི་དྲང་བདེན་གྱི་འབོད་སྒྲ་ནུས་མེད་དུ་བཟོ་རྒྱུའི་ཐབས་ཤེས་སྣ་ཚོགས་བཏང་ཡང་། དེ་ལས་ལྡོག་སྟེ་བོད་མི་ཚོས་བསྟུད་མར་ཆུ་ཚོད་ལྔ་ལྷག་ཚོེར་ཤུགས་ཆེན་པོའི་སྐད་འབོད་རྒྱག་པ་དེས་ཁོ་ཚོའི་སྐད་ཤུགས་ཉམས་མས་སུ་བཏང་ཡོད་པ་མ་ཟད། བར་ལམ་ཞིག་ནས་བོད་པ་དང་ཤར་ཏུ་ཀི་སི་ཐན་གཉིས་ཀྱི་སྐད་འབོད་དཀྱུས་ཅིག་ཏུ་བསྒྲིལ་བའང་བྱུང་ཡོད་ལ། འདི་གའི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་རྒྱ་རིགས་གཞོན་སྐྱེས་ཚོར་དམིགས་ཏེ་དེ་རིང་བོད་མི་ཚོ་སྲིད་བློན་ལིའི་མདུན་དུ་དོན་དགོས་པའི་རྒྱུ་མཚན་དང་། དམིགས་བསལ་བོད་ནང་གི་ཛ་དྲག་གནས་སྟངས། བོད་མི་ ༡༤༦ ཙམ་གྱིས་རང་ལུས་མེར་སྲེག་བཏང་དགོས་པའི་རྒྱབ་ལྗོངས་རྒྱུ་མཚན་དང་ཁོང་ཚོའི་རེ་འདུན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་གཞུང་གི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་བཅས་རེ་རེ་བཞིན་འགྲེལ་བརྗོད་གནང་བར་ཁོ་ཚོས་དུས་ཡུན་གང་འཚམས་རིང་འཇམ་ཐིམ་ངེར་ཉན་འཇོག་བྱས་ཡོད་ཀྱང་། མཐར་མཇུག་བསྐྱར་དུ་རྔ་བརྡུང་རོལ་དཀྲོལ་གྱིས་འགལ་རྐྱེན་ཡང་བཟོས་ཡོད།
ད་ཐེངས་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ཨོ་སི་ཀྲི་ལི་ཡར་རྒྱལ་དོན་འཚམས་གཟིགས་ཕེབས་པ་དེ་འདས་པའི་མི་ལོ་བཅུ་གཅིག་གི་རིང་རྒྱ་ནག་སྲོད་བློན་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ད་ལོ་ནི་ཨོ་རྒྱ་གཉིས་བར་ཕྱི་འབྲེལ་འབྲེལ་ལམ་བཙུགས་ཏེ་ལོ་ ༤༥ འཁོར་བ། དམིགས་བསལ་ཨ་རིའི་སྲིད་འཛིན་གསར་པའི་རྗེས་སུ་འཛམ་གླིང་ཁྱོན་ཡོངས་ཀྱི་ཕྱི་སྲིད་དང་ཚོང་འབྲེལ་འཐབ་བྱུས་ཀྱི་ཁོར་ཡུག་གསར་སྒྲིག་གི་དུས་མཚམས་གལ་ཆེན་ཞིག་ཏུ་འཁེལ་གྱི་ཡོད་སྟབས། ཨོ་རྒྱ་ཕྱོགས་ཕན་ཚུན་ནས་འཚམས་གཟིགས་འདི་གལ་ཆེན་པོ་བརྩིས་བཞིན་ཡོད་འདུག
རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ཕྱི་ཚེས་ ༢༤ ནས་ ༢༦ བར་སིཌ་ནེར་འཚམས་གཟིགས་ཕེབས་གཏན་འཁེལ་ཡོད་པ་དང་། བོད་མི་ཚོས་ཀྱང་མུ་མཐུད་ཞི་རྒོལ་གྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་རྒྱུ་ཡིན་འདུག །