༢༠༡༧ ཟླ་ ༣ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཟླའི་ཚེས་ ༡༧ ཉིན་གྱི་སྔ་དྲོར་རྒྱ་གར་བྷི་ཧཱར་མངའ་སྡེའི་ནཱ་ལེནྡྲའི་རྫོང་དུ་རྟེན་གཞི་བྱས་པའི་བྱ་རྒོད་ཕུང་རི་གནས་ཆེན་ཡོད་ས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ། དུས་རབས་ཉེར་གཅིག་པའི་ནང་པ། ཞེས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་དང་བཀའ་སློབ་སྩལ། ཕྱི་ཚེས་ ༡༨ ཉིན་ནཱ་ལེནྡྲ་གཙུག་ལག་ཁང་ཆེན་གསར་པ།
ཞེས་ཕྱི་ལོ་ ༡༩༥༡ ལོར་བཙུགས་པའི་གཙུག་ལག་སློབ་ཁང་དེའི་དགེ་ལས་སློབ་མ་ ༡༠༠ བརྒལ་བར་བཀའ་སློབ་དང་། གཙུག་ལག་ཁང་དེའི་ནང་དུ་ནང་པའི་ཚན་རིག་སློབ་ཁྲིད་ཀྱི་ཚན་པ་གསར་པ་ཞིག་གསར་འཛུགས་གནང་བ་དབུ་འབྱེད་མཛད།
དེ་རྗེས་སླར་ཡང་རྒྱལ་པོའི་ཁབ་ཏུ་ཆིབས་སྒྱུར་བསྐྱངས་ནས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་བགྲོ་གླེང་ཚོགས་མགོན་དུ་དབུ་བཞུགས་མཛད་ནས། ནང་ཆོས་འདི་དུས་རབས་ ༢༡ ནང་འབྲེལ་བ་ཡོད། ཅེས་པའི་བརྗོད་གཞིའི་ཐོག་ཐེག་པ་ཆེ་ཆུང་གི་བླ་ཆེན་དང་མཁན་པོ། སློབ་དཔོན། མཁས་དབང་སོགས་དང་ལྷན་བགྲོ་གླེང་མཛད་ཡོད་པ་མ་ཟད།
ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་མདྱ་པྲ་དེ་ཤིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤིབ་རཱཇ་སིངྒ་ཅོ་ཧཱན་མཆོག་དང་མཇལ་འཕྲད་ཀྱིས་ཁུལ་དེའི་ནར་མ་ད་རྒྱུག་ཆུ་སྲུང་སྐྱོབ་ཀྱི་གོམ་བགྲོད་ལས་འགུལ་ Namami Devi Narmade-Sewa Yatra ཞེས་པའི་ཚོགས་མགོན་དུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཐོག་བཀའ་སློབ་སྩལ། ཕྱེད་ཡོལ་མདྱ་པྲ་དེ་ཤིའི་མངའ་སྡེའི་རྒྱལ་ས་བྷོ་པཱལ་དུ། མངའ་སྡེའི་སྤྱི་ཁྱབ་བློན་མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་གྲོས་ཚོགས་འཐུས་མི་རྣམ་པ།
གཞན་ཡང་གཞུང་ཞབས་ལས་བྱེད་སོགས་ལ་བདེ་སྐྱིད་ཀྱི་ཐབས་ལམ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྐྱངས་ཏེ་ཕྱི་ཚེས་ ༢༠ ཉིན་གྲོང་ཁྱེར་བཅོམ་བརླག་གམ་མ་ཐུ་ར་ Mathura ཞེས་ཧིན་དུའི་གནས་རྩ་ཆེན་ཡོད་སར་ཧིན་དུའི་ཆོས་ལུགས་ཀྱི་བླ་ཆེན་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་རྗེས་ཁུལ་དེར་གནས་གཟིགས་མཛད།
དེ་ནས་ཕྱི་ཚེས་ ༢༢ ཕྱེད་ཡོལ་ཆུ་ཚོད་ ༢།༣༥ ཙམ་ལ་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་མཚམས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། བཞུགས་སྒར་ཕེབས་ལམ་གཡས་གཡོན་དུ་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་ཕེབས་བསུ་ཞུས།
དེ་རྗེས་༸གོང་ས་མཆོག་ཕོ་བྲང་དུ་༸ཞབས་སོར་འཁོད་མཚམས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་གཞན་གཉིས་མཆོག བཀའ་བློན་རྣམ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་པའི་སྤྱི་འཐུས་རྣམ་པ་བཅས་ཀྱིས་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་གི་རྒྱལ་སྒོའི་ཉེ་འགྲམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།