༢༠༡༧ ཟླ་ ༣ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༥ རེས་གཟའ་ལྷག་པ་སྟེ་སྐུའི་བླ་གཟའ་ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸རྒྱལ་བའི་སྐུ་སྲུང་ཟུར་པ་ཐུན་མོང་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་ལྷག་པར་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་བསྟུན། ༧གོང་ས་མཆོག་ལ་སྐུ་སྲུང་ཟུར་པ་རྣམས་ཀྱིས་དམ་བཅའ་བཞི་གསེར་༸སྙན་སྒྲོན་འབུལ་ཞུས་པར་ཐུགས་ཞིབ་མཛད་རྗེས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་སྩལ་དོན།
དེ་སྔ་ང་ཚོ་ལོ་འདིའི་རིང་གཤིབ་པ་དང་འདྲིས་པ་རེད། ད་ལྟ་ཁྱེད་རང་ཚོས་དམ་བཅའ་བཞག་པ་བཞིན་ཁ་ནས་འདྲ་ཆགས་པོ་མ་ཡིན་པར་དངོས་གནས་སེམས་ནང་ཡོད་པ་འདི་ཡིག་ཐོག་ལ་བཀོད་པ་རེད། ཐུགས་རྗེ་ཆེ་ཟེར་གྱི་ཡིན། ད་ཆ་ངོས་རང་ལོ་བརྒྱད་བཅུ་གྱ་གཉིས་གྱ་གསུམ་ལ་སླེབས་པ་རེད། ཕལ་ཆེར་ལོ་དགུ་བཅུ་གོ་གྲངས། བརྒྱ་ཕལ་ཆེར་བསྡད་ཐུབ་པའི་རེ་བ་ཡོད་ལ། སྨོན་ལམ་ཡང་རྒྱག་གི་ཡོད། ངོས་ཀྱི་ཚེ་དང་བོད་བསྟན་སྲིད་རེད། དེ་བཞིན་འཛམ་བུ་གླིང་གི་མི་ཏོག་ཙམ་བསམ་བློ་ཡོད་མཁན་མང་པོ་ཞིག་ལ་ངོས་ཀྱི་ཚེ་དང་འབྲེལ་བ་ཡོད་སྟབས། མི་མང་པོ་ཞིག་གིས་ངོས་ལ་དགའ་པོ་དང་མོས་པོ་བྱས། ཡུལ་གྲུ་དང་ཆོས་ལུགས། མི་རིགས་འདྲ་མིན་མང་པོའི་ནང་ལ་ངོས་ལ་དགའ་པོ་བྱེད་མཁན་ཧ་ཅང་མང་པོ་ཡོད། རྒྱ་རིགས་ནང་ལ་ཆ་བཞག་ན་ཧ་ཅང་མང་པོ་ཡོད། རྒྱ་གར་ནང་ལའང་དེ་རིང་ཁ་སང་དོ་སྣང་དང་དགའ་པོ་བྱེད་མཁན་ཧ་ཅང་ཡོང་གི་འདུག ཕྱི་རྒྱལ་ཁག་ནང་ལའང་ཧ་ཅང་མང་པོ་ཡོང་གི་འདུག ངོས་ཀྱི་ཚེ་དང་མང་ཚོགས་ནང་ནས་དད་པ་ཡིན་ནའང་རེད། གྲོགས་པོ་ནང་ཚགས་ཆགས་ནས་དགའ་ཞེན་ཡིན་ནའང་རེད། དོ་སྣང་བྱེད་མཁན་མང་པོ་ཡོད་པར་བརྟེན། དེས་ངོས་ཀྱི་ཚེ་ལ་ཕྲན་བུ་ཕན་གྱི་ཡོད།
ངོས་ཀྱིས་ཉིན་ལྟར་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་དང་སྒྲོལ་དཀར་ཚེ་སྒྲུབ་འདོན་གྱི་ཡོད། དེ་རིང་ཁྱེད་རང་ཚོས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་ག་དང་འབྲེལ་ནས་བརྟན་བཞུགས་དེ་ལྟར་གནང་བ་རེད། ཏན་ཏན་ཚེ་ལ་ཕན་གྱི་རེད། ཐུགས་རྗེ་ཆེ་ཟེར་གྱི་ཡིན། ངོས་ཀྱི་གྲོགས་པོ་ངོ་ཤེས་པ་ཁྱེད་རང་ཚོ་སྐུ་སྲུང་བ་ཁ་ཤས་མགོ་བོའི་སྤུ་བུད། ཁ་ཤས་མདོང་ལ་གཉེར་མ་བརྩེགས་ཏེ་ཁྲོ་བོའི་གདོང་ལྟ་བུ་ཆགས་འདུག
ངོས་ཀྱི་གདོང་དེ་ཙམ་འགྱུར་བ་ཕྱིན་མེད། འདི་ཏན་ཏན་བསམ་བློའི་ཁྱད་པར་རེད་འདུག བསམ་བློ་ལྷོད་ལྷོད་ཡོད་པ་དང་། རྩ་བའི་སྤྱི་པའི་དོན་དུ་སེམས་ཁྲལ་མང་པོ་ཡོང་རྒྱུ་ཡོད་ཀྱང་། གཙོ་བོ་དེ་སྤྱོད་འཇུག་ནས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་བྱ་ཅི་དགོས། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱེད་ཅི་ཕན། ཞེས་གསུངས་ཡོད། དེ་ལས་བོད་གཅིག་པུའི་བསམ་བློ་གཏང་རྒྱུ་གང་ཡང་མི་འདུག འཛམ་གླིང་གང་དུ་ཡིན་ནའང་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་བ་ཡིན་ན་འགྲིག་པ་རེད། ཕན་ཐོགས་གང་ཙམ་ཡོང་ཐུབ་ཀྱི་འདུག མཁྱེན་སོང་ངམ། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་བློ་བདེ་པོ་དང་སེམས་སྐྱིད་པོ་བྱས་ནས་སྡོད་ཨང་། དེ་ནས་སོ་སོའི་འཕྲོད་བསྟེན་ཡག་པོ་བྱོས། དེ་བཞིན་རྒས་པོ་ཚོས་ཚེ་སྲུང་འདྲ་འདོན། བློ་བདེ་པོ་བྱས་ནས་སྡོད། མི་ཚེ་དོན་དང་ལྡན་པ་བྱུང་བ་རེད།
བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་དུས་ཚོད་གཉན་འཕྲང་ཧ་ཅང་བྱུང་བ་རེད། གཉན་འཕྲང་དེའི་རིང་ང་ཚོ་མི་ཐོག་གཅིག་བྱས་ནས་ཆེ་བཞག་ཆུང་བཤོལ་བྱས་ནས་བོད་སྤྱི་པའི་དོན་དུ་ཞབས་འདེགས་བསྒྲུབས་ཡོད། བོད་སྤྱི་པའི་དོན་ནི་སངས་རྒྱས་པའི་བསྟན་པ་དང་འབྲེལ་ཡོད། དེར་བརྟེན་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་པ་ཡིན་ན། དམིགས་བསལ་གྱི་དམ་ཚིག་ལ་རྒྱ། དེ་འདྲའི་ལས་བཟང་པོའི་འབྲེལ་བ་ཞིག་ཚེ་འདིར་བཟོ་ཐུབ་པ་ཡིན་དུས། ཕྱོགས་གཅིག་ནས་ཁྱེད་རང་ཚོ་མང་པོ་ཞིག་ཚེ་རབས་སྔ་མ་ནས་ཚེ་རབས་མང་པོ་ཞིག་ངོས་དང་འབྲེལ་བ་ཡོད་པ་ཕལ་ཆེར་ཆགས་ཡོད། ཚེ་འདི་ལ་ཡིན་ནའང་ང་ཚོ་འབྲེལ་བ་གསར་པ་ཞིག་དེ་སྔ་དེ་ཙམ་འབྲེལ་བ་མེད་པ་ཡིན་ནའང་ཚེ་འདི་ལ་འབྲེལ་བ་གསར་པ་ཞིག་ཆགས་ཐུབ་པ་རེད། དེར་བརྟེན་ང་རང་ཚོ་གཅིག་གིས་གཅིག་ངོ་ཤེས་ནང་ཚགས་ཆགས་པའི་འབྲེལ་བ་འདི་མ་འོངས་པར་ཡིན་ནའང་ཚེ་རབས་ནས་ཚེ་རབས་འབྲེལ་བ་ཡོང་ཐུབ་རྒྱུ་ཏན་ཏན་ཡོང་གི་རེད།
ཁྱེད་རང་ཚོ་ཡིན་ནའང་མ་འོངས་པར་ཚེ་རབས་ནས་ཚེ་རབས་སྨོན་ལམ་རྒྱག་གི་རེད་ལ། ངོས་ནས་ཀྱང་སྨོན་ལམ་རྒྱག་གི་ཡིན། ང་ཚོའི་མི་ཚེ་འདི་དུས་ཚོད་ཁག་པོའི་སྐབས་ཆེ་བཞག་ཆུང་བཤོལ་གྱི་ཕྱར་བ་གྲུ་འདེགས་བྱས་པའི་ལས་བཟང་པོའི་མཐུ་ལ་བརྟེན་ནས་མ་འོངས་པར་ཡིན་ནའང་ཚེ་རབས་ནས་ཚེ་རབས་བྲལ་བ་མེད་པ་བྱས་ཏེ་གཞན་དོན་རྒྱ་ཆེན་པོ་བསྒྲུབ་ཐུབ་རྒྱུ་དང་། རིམ་པས་མཐར་གཏུགས་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་ཡོང་ཐུབ་རྒྱུ་རེད། ཐུགས་རྗེ་ཆེ། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
སྤྱིར་སྐུ་སྲུང་ཟུར་པ་རྣམས་ཀྱི་དམ་བཅའ་ཁག་ནི།
དམ་བཅའ་དང་པོ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་དང་། ཟབ་གསལ་གྱི་བཀའ་སློབ་ལམ་སྟོན་ཐོག་ཤར་བསྐྱོད་ཀྱིས་སྤང་བླངས་ཚུལ་བཞིན་ཞུ་རྒྱུ།
དམ་བཅའ་གཉིས་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་། འབྲེལ་ཡོད་ལམ་སྟོན་ཐོག་ཤར་བསྐྱོད་ཀྱིས་དམ་ཚིག་ལ་རྒྱ་གཅིག་དུ་གནས་རྒྱུའི་དམ་བཅའ་ཞུ་རྒྱུ།
དམ་བཅའ་གསུམ་པ།
དམ་སྲི་དོལ་རྒྱལ་ནི་རྒྱུ་དང་ངོ་བོ། བྱེད་ལས་བཅས་གང་གི་ཆ་ནས་བསྟན་འགྲོར་གནོད་ཅིང་འཚེ་བའི་ཕུང་པོ་གདུག་རྩུབ་ཅན་ཞིག་ཡིན་པར་ལྷ་མི་ཀུན་ཤེས་ལ་བརྟེན་ཁོ་པ་རྗེས་འབྲང་དང་བཅས་པར་ཆོས་དང་ཟང་ཟིང་གི་འབྲེལ་བ་ནམ་ཡང་མི་བྱེད་པའི་ཁས་ལེན་དམ་བཅའ་འབུལ་རྒྱུ།
དམ་བཅའ་བཞི་པ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་ཡུལ་དང་། ཕྱི་རྒྱལ་ཡུལ་ཁག་ཏུ་ཆིབས་སྒྱུར་བཀའ་དྲིན་ཆེ་སྐབས་ཡུལ་གྲུ་སོ་སོར་གནས་སྡོད་སྐུ་སྲུང་ཟུར་པ་རྣམས་ནས་སྐུ་ཕྱྭའི་སྲུང་སྐྱོབ་ཐད་ཞབས་ཞུ་ལྷག་བསམ་རྣམ་དག་ཞུ་རྒྱུ། །