༢༠༡༧ ཟླ་ ༣ ཚེས་ ༡༦ རེས་གཟའ་ཕུར་བུ།
སྔོན་གླེང་།
༄༅། །བོད་མི་མང་དབུས་གཙང་སྤྱི་འཐུས་ཟུར་པ་རྣམ་རྒྱལ་དབང་འདུས་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༡ ཉིན་དགུང་གྲངས་ ༨༣ ཐོག་སྙུན་བཞེས་རྐྱེན་པས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། དམ་པ་ཁོང་ནི་ཡུལ་རྒྱལ་རྩེར་ཡབ་མཁར་བསམ་རྒྱལ་པོ་མཆོག་དང་། ཡུམ་ཨོ་རྒྱན་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༤ ལོར་འཁྲུངས་ཤིང་། རང་ལོ་ ༦ ཙམ་ནས་རྒྱལ་རྩེ་ཁུལ་བོད་ཡིག་སློབ་གྲྭ་ཁག་གསུམ་དང་། ལྕང་ལོར་ཨིན་ཡིག་སློབ་གྲྭ་བཅས་པར་རིམ་བཞིན་སློབ་སྦྱོང་གནང་། ༡༩༤༦ ལོར་རང་གཞུང་གི་བཀའ་འབྲེལ་རྒྱལ་རྩེ་དམག་སྒར་ཁམས་ཕྱོགས་བསྐྱོད་སྐབས་ཕ་མས་མཉམ་འཁྲིད་ཧོར་ཚོ་སོ་དགུ་ཁུལ་དུ་གནས། ཕྱི་ལོ་ ༡༩༤༩ ལོར་རང་ལོ་ ༡༦ ཐོག་ཕ་མེས་ཀྱི་རྗེས་སུ་འབྲངས་ཏེ་དམག་ཞབས་སུ་འཛུལ་ནས་རིམ་བཞིན་དམག་སྦྱོང་ཚར་ནས་ལོ་དེ་རང་ལ་རྒྱ་དམག་བོད་སར་བཙན་འཛུལ་གྱིས་ཆབ་མདོ་དབང་བཟུང་བྱས་མ་ཐག་ཤོ་སྟར་ལྷོ་གསུམ་བརྒྱུད་དབུས་ཕྱོགས་སུ་ཡོང་ལམ་བ་རི་ནང་དུ་རྒྱ་དམག་ལྷག་འབྱོར་ལ་རྒྱལ་རྩེ་དམག་སྒར་ནས་འགོག་རྒོལ་དམག་འཐབ་ཤུགས་ཆེ་བྱས་རྐྱེན་རྒྱ་དམག་བསད་རྨས་ཚབས་ཆེ་བཏང་སྟེ། རྒྱ་དམག་རྣམས་རེ་ཞིག་ཆབ་མདོར་ཕྱིར་ལོག་སྐབས་ཁོང་གི་ཡབ་བརྒྱ་དཔོན་མཁར་བསམ་དེ་ཉིད་མཉམ་དམག་འཐབ་གཟེངས་ཐོན་ཞུས་པའི་ལེགས་བརྗོད་ཐོབ་མྱོང་ཡོད། དེ་རྗེས་བོད་རྒྱ་ཞི་མཐུན་ཟེར་བའི་གྲོས་མཐུན་བཞག་སྟབས་རྒྱལ་ཁབ་ཀྱི་བཀའ་འབྲེལ་དམག་སྒར་ལྷ་སར་སྲུང་བྱའི་ཞབས་ཞུ་ནས་ཕྱིར་འཐེན་གནང་།
ཕྱི་ལོ་ ༡༩༥༢ ལོར་ལྷ་ས་ཞི་བདེའི་ནང་ཆུ་འབྲུག་མི་མང་གུང་རྒོལ་འཐུས་ཚོགས་ཁོངས་དམག་སྒར་གྱི་སྐུ་ཚབ་ལྡིང་དཔོན་ལྷག་རྒོད་ལགས་ཀྱི་རོགས་སུ་དང་བླངས་ཞུས་ཏེ་རྒྱ་དམར་ལ་རྒོལ་ཡིག་སྣ་ཚོགས་ལྷ་སའི་བར་སྐོར་ནང་སོགས་ལ་འགྲེམས་སྦྱར་གནང་། དེ་རྗེས་དམག་སར་ལོ་གཞོན་ཁག་ཅིག་གི་སློབ་དགེར་བསྐོ་གཞག་ལྟར་ལོ་ཤས་རིང་བོད་ཡིག་དང་། དམག་རྩེད། རྐང་རྩེད་སྤོ་ལོ་སོགས་སྦྱོང་སྤྲོད་ལེགས་ཐོན་གནང་ཐོག རྣམ་ཀུན་གོ་སྐབས་ནམ་བྱུང་ལྷ་ས་ཁུལ་རྒྱ་དམར་ལ་ཕྱི་ནང་གསང་གསུམ་དུ་ངོ་རྒོལ་འདྲ་མིན་གནང་མིའི་གྲས་སུ་ཡོད།
ཕྱི་ལོ་ ༡༩༥༦ ལོར་བོད་ལྗོངས་དམག་སྤྱི་ཁང་ནས་ཁོང་ལ་དམིགས་བསལ་ལྡིང་དཔོན་གནས་སྤར་བསྐོ་གཞག་ལྟར་ལས་ཁུར་ཞུས། ༡༩༥༨ ལོར་ཁོང་གི་རོགས་དམག་ལྡིང་ཤོག་གཅིག་ལ་གཞུང་སྩལ་གོ་ལག་རྫས་མདེའུ་ཆབས་སྦྲགས་ལས་ཚན་བློ་བཟང་ཡེ་ཤེས་ལགས་དེ་ཉིད་མཉམ་དུ་གུང་རྒོལ་འཇབ་དམག་ཐོན་སླད་ལྷ་ས་ནས་ལྷོ་ཁུལ་ལ་གསང་ཕེབས་ཀྱིས་གུང་དཀར་ཁུལ་དུ་གནས་ཏེ་དེ་ཁུལ་གྱི་དམག་སྦྱོང་དང་། ས་བསྐོར་ཉམས་ཞིབ་སོགས་ལས་འགུལ་སྣ་ཚོགས་ཞུས།
ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་ནོར་གླིང་ནས་ལྷོ་ཁ་ཕྱོགས་སུ་ཆིབས་བསྒྱུར་སྐབས་སྔོན་རྗེས་བར་གསུམ་ལ་ར་མ་གྲུ་ཁར་རོགས་དམག་མཉམ་འཁྲིད་ཕེབས་ལམ་འཁེལ་ཡུལ་སོ་སོར་སྐུའི་ཉེན་སྲུང་བཀོད་སྒྲིག་འཐུས་ཚང་ཞུས་ཏེ། ཆིབས་བསྒྱུར་གྲུབ་འཕྲལ་ནོར་གླིང་དུ་ལས་དོན་ཆེད་བཅར་དགོས་བྱུང་བ་དང་དམག་ཟིང་ལངས་པ་དུས་མཚུངས་རྩེ་ཕོ་བྲང་གི་གཡས་གཡོན་སྲུང་བྱའི་ཁོངས་སུ་དམག་འཐབ་བློ་རྩལ་ཆེ་ཐོན་ཞུས།
ལྷ་ས་དགྲ་ལག་ཏུ་ཤོར་རྗེས་རོགས་དམག་ཁག་ཅིག་དང་ལྷན་དུ་སླར་ཡང་ལྷོ་ཁུལ་འབྱོར་སྐབས་ལྕགས་ཟམ་ཆུ་བོ་རིར་རྒྱ་དམག་ཚུར་རྒོལ་ལ་ཉིན་ཤས་རིང་བཀག་རྒོལ་དམག་འཐབ་དང་། ཡར་འབྲོག་བྲག་རྩར་རྒྱ་དམག་ཚུར་རྒོལ་ལ་གདོང་ལེན་དམག་འཐབ་ཤུགས་ཆེ་བྱས་འོག་རྒྱ་དམག་མང་པོ་བསད་རྨས་བཟོས་ཀྱང་། རང་ཕྱོགས་ལ་གང་ཅིའི་ཆ་རྐྱེན་དམན་སྟབས་རང་ས་རིམ་ཤོར་རྨར་འགོ་ལ་བརྒྱུད་རྒྱ་གར་ནང་བཙན་བྱོལ་ཡོང་དགོས་ཐུག་སྟེ་ཟླ་ཤས་རིང་མི་ས་མ་རི་དང་། དེ་ནས་སྒང་ཏོག་ཁུལ་ལམ་བཟོར་གནང་།
༡༩༦༠ ལོ་འགོར་བོད་ནང་དགྲ་བོར་བསྐྱར་རྒོལ་ཐུབ་རེས་ཨ་རིར་འཇབ་དམག་སློབ་སྦྱོང་དུ་བསྐྱོད་དེ་བོད་ནང་གནམ་མཆོངས་བྱ་ཉེའི་མཚམས་བོད་ས་ལྷོ་བྱང་ཕྱོགས་སུ་ཡོད་པའི་རང་ཕྱོགས་དྭང་དམག་གི་རྟེན་གཞི་ཁག་དགྲ་བོས་དབང་འཛིན་བྱས་རྐྱེན་གནམ་མཆོངས་བྱ་ས་མ་རྙེད་པར་ཨ་རིར་ལོ་གཉིས་རིང་སྒུག་སྡོད་སྐབས་འཇབ་དམག་གི་སློབ་སྦྱོང་སྨོས་ཅི། ཆབ་སྲིད་སྐོར་དང་། དམངས་གཙོའི་ལམ་སྲོལ། འཛམ་གླིང་རྒྱས་བཤད་སོགས་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༢ ལོར་ཨ་རི་ནས་བཞུགས་སྒར་དུ་བཅར་ཏེ་ཐོག་མར་དྲིལ་བསྒྲགས་ལས་ཁུངས་ཀྱི་ཡིག་འབྲི་ལས་བྱ་དང་། དེ་ནས་ཀུ་ལུ་ལམ་སྤྱི། ༡༩༦༣ ལོར་གཞུང་གསར་པའི་བཀོད་སྒྲིག་སྐབས་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ལས་རོགས་བཅས་འཆར་འབུལ་ཕྱག་རྟགས་དགོངས་དོན་བསྐོ་གཞག་རིམ་བཞིན་སྩལ་བ་ལྟར་ལས་ཁུར་གནང་།
ཕྱི་ལོ་ ༡༩༦༤ ལོར་ལྡེ་ར་ལྡུན་དྭང་སློབ་ན་གཞོན་སྡེ་ཚན་གྱི་དགེ་རྒན་དུ་བསྐོ་གཏོང་དང་། དེ་ནས་དྭང་སློབ་འགོ་འཛིན། མདའ་དཔོན་བཅས་རིམ་བཞིན་བསྐོ་གཞག་སྩལ་ཐོག བོད་ཧིན་ས་མཚམས་ཁག་ཏུ་བཅའ་སྡོད་དང་། བསྐོར་བསྐྱོད་ཉམས་ཞིབ་སོགས་ལས་ཁུར་ལོ་ ༡༤ ཙམ་ཞུ་ཡུན་རིང་འཆར་འཕར་ཞུ་སྒོ་ཅི་མཆིས་ལེགས་གྲུབ་ཐུབ་པར་གོང་རིམ་ནས་བསྔགས་བརྗོད་ཡང་ཡང་ཐོབ། ༡༩༧༦ ལོར་ས་མཚམས་སུ་སྡོད་སྐབས་བོད་རྒྱལ་ཁབ་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་དྲག་པོའི་དམག་གི་ལོ་རྒྱུས་ཞེས་པའི་ཡིག་གཞི་རྩོམ་བྲིས་ཞུས་པ་རྗེས་སུ་རང་གཞུང་ནས་དཔར་བསྐྲུན་གནང་བའི་དེབ་གཅིག་འདོན་སྤེལ་ཞུས།
ཕྱི་ལོ་ ༡༩༧༨ ལོར་དྭང་སློབ་དྲག་ཞབས་ནས་འཕོས་ཏེ་ལྡེ་ར་ལྡུན་བདེ་དོན་དང་། ར་སྤུར་བཟོ་འགོ བདེ་གླིང་འཛུགས་སྐྲུན་གྱི་གཞིས་འགོ་བཅས་གཅིག་ལྕོགས་བསྐོ་གཞག་སྩལ་དོན་ཁུལ་དེར་ལས་ཁུར་ལོ་ ༧ ལྷག་ཙམ་ཞུ་ཡུན་རིང་མང་ཚོགས་ཀྱི་དཀའ་སེལ་བདེ་ཐབས་སྤྱི་དང་། ལྷག་དོན་ནང་སྲིད་ལས་ཁུངས་ནས་རོགས་གྲོན་ཐབས་ཤེས་དང་འབྲེལ་བདེ་སྐྱིད་གླིང་གཞིས་ཆགས་ཐོག་མར་གསར་འཛུགས་སླད་ས་ཆ་སྤུས་ཉོ་ནས་བཟུང་ས་ཁུལ་ཁག་གསུམ་གྱི་མི་མང་དང་། འབྲུག་བྱོལ་ཐོན་ཚོ་གཉིས་པའི་མི་མང་གཞིས་སར་བདེ་བར་མ་འཁོད་བར་འཛུགས་བསྐྲུན་གྱི་རིམ་པ་མཐའ་དག་དང་། ཞུ་སྒོ་གང་ཅི་འཐུས་ལེགས་བྱུང་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། རང་གཞུང་ནས་ལེགས་བརྗོད་སྔ་རྗེས་ཐོབ། ཕྱི་ལོ་ ༡༩༨༥ ལོར་ལྡེ་ར་ལྡུན་ནས་མའེ་སོར་བདེ་སྐྱིད་སླར་གསོའི་གཞིས་འགོར་འཕོས་ཏེ་ཁུལ་དེར་ལས་རྒྱུན་ལོ་ ༦ ཙམ་སྡོད་རིང་མང་ཚོགས་ཀྱི་བདེ་ཐབས་སྤྱི་དང་། སྒོས་སུ་འཆར་འཕར་བཀའ་དོན་ཞུ་བྱ་ཅི་མཆིས་ལྷག་བསམ་ཡོད་རྒུ་རྩལ་འདོན་ཐོག གོང་གསལ་གནས་ཡུལ་སོ་སོར་བོད་མིའི་སྤྱི་ཚོགས་ནང་གོ་མིན་ཏང་བོད་སོག་ལས་ཁུངས་ཀྱི་གཡོ་འཁྲུལ་ཕུང་དཀྲུག་རིམ་བྱུང་ལ་འཛེམས་ཟོན་མེད་པའི་གདོང་ལེན་འགོག་རྒོལ་གང་ཐུབ་ཞུས་པ་སོགས་ཀྱི་ལས་ཁུར་གྲུབ་འབྲས་ལེགས་ཐོན་བྱུང་བར་གཞུང་མང་གཉིས་ཕྱོགས་ནས་ལེགས་བརྗོད་ཐོབ།
ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་སྐབས་ ༡༡ པ་དང་། དེ་རྗེས་ ༡༢།༡༣ སོ་སོར་དབུས་གཙང་མང་ཚོགས་ནས་ཐུགས་རེ་ཡིད་ཆེས་དང་བཅས་བདམས་ཐོན་བྱུང་བ་བཞིན་ལས་ཁུར་ལོ་ ༡༥ ཙམ་ཞུ་ཡུན་རིང་མགོན་པོ་གང་གི་བཞེད་དགོངས་སྤྱི་དང་། ལྷག་དོན་མང་ཚོགས་ཀྱི་མངོན་འདོད་གཞིར་བཟུང་ཆབ་སྲིད་ཀྱི་ལྟ་གྲུབ་དང་། དམིགས་ཡུལ་ལངས་ཕྱོགས་སོགས་གཡོ་ལྷད་མེད་པའི་རང་ཚུགས་བརྟན་པོར་བཟུང་སྟེ་ཞུ་བྱ་ཅི་མཆིས་ཕྱོགས་ལྷུང་འཇིགས་ཟོན་མེད་པར་དྲང་བདེན་ལྷག་བསམ་རྣམ་དག་ཐོག སྤྱི་འཐུས་རྒྱུན་ལས་ལོ་ ༥ དང་། གྲོས་ཚོགས་ཚོགས་དུས་སོ་སོར་ཆད་མེད་རྟག་བཅར་གྱིས་བགྲོ་གླེང་སོགས་ལས་རིམ་དང་འབྲེལ་བའི་སྐབས་དོན་སོ་སོར་ཆ་ཤས་འཚེམས་ལུས་མེད་པ་བཞེས། དེ་བཞིན་གཞུང་དོན་ཕྱོགས་བསྐྱོད་སྔ་རྗེས་ཐེངས་མང་དང་ཞིབ་འཇུག་ཚོགས་ཆུང་སྣ་མང་གི་ལས་ཁུར། དེ་སྔོན་ཞི་བའི་གོམ་བགྲོད་དང་པོ་བོད་ནང་ཕེབས་འཆར་གྱི་གྲོས་འགོ་བཏོན་པ་དང་། མཉམ་ཞུགས་ཀྱང་གནང་།
དེ་སྔོན་༸གོང་ས་མཆོག་ནོར་གླིང་ནས་ལྷོ་ཁ་ཕྱོགས་སུ་ཕེབས་སྐབས་༸སྐུའི་ཉེན་སྲུང་དང་ཆིབས་ཞབས་སུ་བཅར་མཁན་དང་། དམག་ས་ཁག་ནས་བཙན་བྱོལ་དུ་འབྱོར་བའི་བོད་གཞུང་དམག་རྙིང་རྣམས་ནས་༸གོང་ས་མཆོག་ལ་སྔོན་དུ་བརྟན་བཞུགས་བསྟར་འབུལ་སྐབས་བཀའ་སློབ་སྤྱི་བོར་ནོད་པ་ལྟར་དོན་འཁྱོལ་ཞུ་སླད་དམག་རྙིང་ཚོས་ཁོང་ལ་རེ་སྐུལ་གནང་བའི་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འབྲེལ་བའི་དྲག་པོའི་དམག་གི་ལོ་རྒྱུས་རྒྱས་པ་དེབ་ཐེར་སྟོད་སྨད་གཉིས་རྩོམ་བྲིས་ཞུས་པ་རང་གཞུང་ནས་རོགས་གྲོན་སྩལ་ཏེ་དཔར་བསྐྲུན་གནང་བ་སོགས་གང་ལྟར་བོད་ནང་དམག་ཞབས་ལོ་ ༡༠ དང་། བཙན་བྱོལ་རིང་ཞབས་ལོ་ ༢༩ དང་། སྤྱི་འཐུས་སྐབས་གསུམ་ལ་ལོ་ ༡༥ བཅས་ཁྱོན་མི་ལོ་ ༥༤ རིང་ཞབས་འདེགས་ཞུས།
མདོར་ན་དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས། ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ནང་མི་ལྟོས་བཅས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༤ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༤ ལ།།