༢༠༡༠ ཟླ་ ༡༠ ཚེས་ ༡༢ རེས་གཟའ་མིག་དམར།
༅༅། །བོད་གཞུང་ཐེ་ཝན་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་ཐོག་ཐེ་ཝན་གྱི་གྲོང་ཁྱེར་ཀའོ་ཤུང་(Kaushuing) དུ་ཟླ་བ་གཅིག་རིང་གི་འགྲེམས་སྟོན་བྱེད་བཞིན་ཡོད། དེ་ཡང་འགྲེམས་སྟོན་དེ་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་འདུག འགྲེམས་སྟོན་གོ་སྒྲིག་བྱེད་དགོས་དོན་ནི་ཐེ་ཝན་མང་ཚོགས་ཁྲོད་བོད་དང་བོད་མིའི་སྐོར་གོ་རྟོགས་སྤེལ་སླད་ཡིན་པ་མ་ཟད། ཟླ་བ་གཅིག་གི་འགྲེམས་སྟོན་དེར་རེས་གཟའ་སྤེན་པ་དང་ཉི་མ་ནམ་ཡིན་ལ་གཏམ་བཤད་ཀྱི་ལེ་ཚན་ཞིག་ཀྱང་གོ་སྒྲིག་ཞུ་རྒྱུ་ཡིན་འདུག ཕྱི་ཟླ་ ༡༠ ཚེས་ ༩ ཉིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཀའོ་ཤུང་གྲོང་ཁྱེར་དུ་ཆེད་ཕེབས་ཀྱིས་ཀའོ་ཤུང་འགྲེམས་སྟོན་ཁང་གི་ལས་བྱེད་དང་ཐུག་འཕྲད་གནང་ཡོད། ཉིན་རྒྱབ་སྐུ་ཚབ་དོན་གཅོད་ནས་དེར་འདུས་མང་ཚོགས་རྣམས་ལ་བོད་མི་རྣམས་བོད་ནས་བྲོས་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་དང། གཞིས་བྱེས་གཉིས་སུ་གནས་པའི་བོད་མི་རྣམས་ཀྱི་ད་ལྟའི་གནས་སྟངས་སྐོར་ཆུ་ཚོད་གཉིས་རིང་གསུང་བཤད་གནང་རྗེས་མང་ཚོགས་དང་ལྷན་དྲི་བ་དྲིས་ལན་ཡང་གནང་ཡོད། དེ་སྔོན་ཀའོ་ཤུང་དུ་རྟེན་གཞི་བྱས་པའི་ཕུ་ཡིང་གཙུག་ལག་སློབ་ཁང་གི་སློབ་དཔོན་ལྕམ་སྐུ་པེན་མི་ལི་ (Prof.Pen Mei Li) ལགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲིག་འཛུགས་དེ་མང་གཙོའི་ལམ་ལུགས་ཐོག་བསྒྱུར་སྟངས་སྐོར་གསུང་བཤད་གནང་ཡོད། ཁོང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་སྐོར་རྒྱ་ཡིག་ཐོག་དཔེ་དེབ་གཅིག་ཀྱང་བྲིས་ཡོད། དེ་བཞིན་ཕྱི་ཚེས་ ༢ ཉིན་ཁོ་མོས་ཐེ་ཝན་གྱི་ཇི་ཨོ་ཏོང་རྒྱལ་ཡོངས་གཙུག་ལག་སློབ་ཁང་ (National Jiaotong University) དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་བཙན་བྱོལ་དུ་སྡོད་རིང་དཀའ་ངལ་ལ་ཇི་ལྟར་གདོང་ལེན་བྱེད་ཀྱི་ཡོད་མེད་དང། འདས་པའི་ལོ་ ༥༠ རིང་བཙན་བྱོལ་བོད་མི་རྣམས་ཀྱིས་སོ་སོའི་མི་རིགས་འཚོ་གནས་ཆེད་འབད་བརྩོན་བྱེད་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། ལྕམ་སྐུ་པེན་ནི་བཙན་བྱོལ་བོད་མི་ཚོའི་བལ་གོས་ཚོང་ལས་ཐོག་ཉམས་ཞིབ་ཆེད་རྒྱ་གར་གྱི་ས་གནས་གང་སར་ལན་མང་བསྐྱོད་མྱོང་ཡོད་པ་ཞིག་ཡིན། གཞན་ཡང་འགྲེམས་སྟོན་གོ་སྒྲིག་གནང་མཁན་གྱིས་བརྗོད་དོན་ལྟར་ན་འགྲེམས་སྟོན་གྱི་ཉིན་ལྷག་མར་མང་ཚོགས་གང་མང་འདུ་འཛོམས་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་སྐོར་གསུངས་ཡོད་པ་བཅས།།
ཐེ་ཝན་དུ་བོད་ཀྱི་འགྲེམས་སྟོན་འཚོགས་བཞིན་པ།
གསར་གནས།

འབྲེལ་གནས།
