༢༠༡༧ ཟླ་ ༣ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༤ ནས་ ༢༥ བར་ཉིན་གྲངས་བཅུ་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་གནང་ཡོད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ཟུར་ཉན་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གསར་འགོད་པ་དང། དམིགས་བསལ་ཟུར་ཉན་གཞན་ཁག་གཅིག་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན།
འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། གངས་ཅན་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་དེ་རིང་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་གསུམ་པའི་ཐོག་ལ་ཚོགས་ཕེབས་གནང་མཁན་གྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་གིས་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། ཚང་མར་ང་ཚོ་དེ་རིང་ཟླ་བ་དྲུག་གི་རྗེས་ལ་སྐུ་གཟུགས་གསལ་ཐང་ཐོག་འཛོམས་གནང་ཐུབ་པ་དང་། ལས་དོན་གྱི་ཐོག་ལ་བཞུགས་ཐུབ་པ་འདིར་ཚོགས་གཙོ་སྦྲེལ་པོ་ངོས་ནས་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཚོགས་གཙོའི་གཏམ་བཤད་གནང་རྒྱུའི་ལམ་ལུགས་མང་ཆེ་བ་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་ཕེབས་ཀྱི་ཡོད། དེར་བརྟེན་དེ་རིང་སྐབས་ ༡༦ བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་གསུམ་པའི་ལས་རིམ་འདི་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་ནོར་འཁྲུལ་ཅན་འཛིན་པ་དེ་ཉིད་ལ་ངོས་ལེན་མེད་པའི་ཐོག་ནས་ཕྱི་ལོ་ ༢༠༠༩ ནས་ ༢༠༡༦ བར་རང་ལུས་མེར་སྲེག་གནང་མཁན་ ༡༤༥ བྱུང་ཡོད། དེར་བརྟེན་དེ་རིང་ང་ཚོས་རང་ལུས་མེར་སྲེག་གནང་མཁན་ ༡༤༥ པ་སྐུ་ཞབས་བཀྲ་ཤིས་རབ་བརྟན་ལགས་ཀྱི་ཆེད་དུ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་འཁུར་ཡོད་རེད། དེ་བཞིན་སྤྱི་འཐུས་ཟུར་པ་རིག་འཛིན་ལགས་དང་སྤྱི་འཐུས་ཟུར་པ་རྣམ་རྒྱལ་དབང་འདུས་ལགས། དེ་ནས་ཚོགས་དྲུང་ཟུར་པ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས། ཁོང་རྣམ་པ་ལྟ་བུར་མཚོན་ན་བོད་ནང་དང་བཙན་བྱོལ་ནང་ཐུགས་འགན་མང་པོ་བཞེས་པའི་ཐོག་ནས་ང་ཚོ་མཉམ་དུ་མེད་པའི་ཐོག་ནས་སྐུ་ཚེའི་འཕེན་པ་རྫོགས་པ་རེད།
ཁོང་རྣམས་ཀྱི་ཆེད་དུ་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་འཁོད་རྒྱུ་ཞིག་ཆགས་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༨ ནས་བཟུང་ད་ལྟ་བར་དུ་བོད་ནང་ཛ་དྲག་གི་གནས་སྟངས་མུ་མཐུད་ནས་གནས་བསྡད་པ་ཆགས་ཀྱི་ཡོད། དེ་འདྲ་ཡིན་དུས་ང་ཚོ་གྲོས་ཚོགས་ཀྱི་ཚོགས་ཐེངས་ཟེར་ནའང་འདྲ། གྲོས་ཚོགས་སྐབས་ ༡༤ དང་སྐབས་ ༡༥ ད་ལྟ་སྐབས་ ༡༦ ནང་ལའང་བོད་ནང་ཛ་དྲག་གི་གནས་སྟངས་འདིའི་ཐོག་ནས་ང་ཚོ་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་གཅིག་ཕེབས་ཀྱི་ཡོད། ཡིག་ཆ་འདི་ང་ཚོས་གལ་ཆེན་པོ་ཞིག་ལ་རྩི་བཞིན་ཡོད། དེ་འདྲ་ཡིན་དུས་བཀུར་འོས་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་བཀའ་ཤག་ནས་དེའི་ཐོག་ལ་མཉམ་ཞུགས་ཡོང་རྒྱུ་དང་། དགོངས་ཚུལ་སྤུང་ཐུབ་རྒྱུའི་རེ་བ་གཅིག་འདི་བྱེད་བཞིན་ཡོད། དེ་བཞིན་དེ་རིང་ང་ཚོའི་གྲོས་ཚོགས་ཚོགས་ཐེངས་གསུམ་པ་འདི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཀྱི་གྲོས་ཚོགས་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོས་ལས་ཡུན་མང་ཆེ་བ་དེའི་ཐོག་གཏོང་དགོས་རྒྱུ་ཆགས་བཞིན་ཡོད། རྩིས་ལོ་ ༢༠༡༧་་་༡༨ ལོའི་སྔོན་རྩིས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གཏམ་བཤད་དང་། དེ་བཞིན་བཀའ་ཤག་གིས་རྒྱབ་གཉེར་ཆབས་འབུལ་ཞུས་པ་དེ་ཉིད་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་བསྐྱར་ཞིབ་བྱེད་པའི་ཐོག་ནས་སྙན་ཐོ་གཅིག་ཕེབས་ཀྱི་ཡོད་རེད། ང་ཚོས་ལས་ཡུན་མང་བ་འདི་དཔལ་འབྱོར་གྱི་ལས་དོན་ཐོག་ལ་གཏོང་དགོས་རྒྱུ་ཆགས་ཀྱི་ཡོད།
ལས་རིམ་གཞན་ཞིག་ནི་ང་ཚོ་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐེངས་དང་པོའི་སྐབས་སུ་ཆེད་འཛུགས་ཚོགས་ཆུང་ཞིག་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་འདིའི་འཆར་ཟིན་དང་། ལས་བསྡོམས་སྙན་ཐོ་ཞིག་ཕེབས་ཀྱི་ཡོད་རེད། དེ་དང་འབྲེལ་བའི་ཐོག་ནས་ཁྲིམས་བཟོའི་ལས་དོན་ཡང་གང་ཙམ་ཕེབས་ཀྱི་ཡོད། དེ་ཚོའི་ཐོག་ལ་ང་ཚོས་དུས་ཚོད་གང་ཙམ་གཏོང་དགོས་པ་ཆགས་ཀྱི་འདུག
ལས་རིམ་གཞན་ཞིག་ནི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ ༧ སྙན་ཐོ་འཛིན་སྐྱོང་བཀའ་ཤག་གིས་མཇུག་སྐྱོང་གནང་བ་འདི་ཉིད་སྤྱི་འཐུས་རྒྱུལ་ལས་སུ་འབྱོར་བའི་ཐོག་སྤྱི་འཐུས་རྒྱུན་ལས་ནས་དེའི་ཐོག་བསྐྱར་ཞིབ་བྱས་ནས་ང་ཚོ་བོད་མིའི་སྒྲིག་འཛུགས་ནས་དམིགས་བསལ་ལས་ཁུངས་རེད། ཁྱབ་ཁོངས་སྡེ་ཚན་ཁག་གི་རྩིས་རྙོག་དང་འབྲེལ་བའི་ཐོག་ལ་མཇུག་སྐྱོང་ཇི་ལྟར་བྱེད་ཡོད་མེད་དང་། ད་ལྟ་གཙང་མ་གང་འདྲ་ཆགས་ཡོད་མེད། དེ་ཚོའི་ཐོག་ལ་ང་ཚོར་སྙན་ཐོ་གང་ཙམ་ཐུག་པོ་ཞིག་སླེབས་ཀྱི་ཡོད་རེད། དེ་ཚོའི་ཐོག་ལ་དུས་ཚོད་གང་ཙམ་གཏོང་དགོས་རྒྱུ་ཞིག་ཆགས་ཀྱི་ཡོད་རེད།
གཞན་ཡང་དྲི་བ་དྲིས་ལན་དང་། ཐུགས་སྣང་གཞན་སྐུལ། གྲོས་ཆོད་གྲོས་འཆར་བཅས་འཆར་ཅན་གྱི་ལས་རིམ་ཡོད། ང་ཚོའི་ཆབ་སྲིད་ཀྱི་གནད་དོན་ཐོག་འདས་ཟིན་པའི་ལས་རིམ་ནང་གསུམ་བཅུའི་དུས་དྲན་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་གནས་སྟངས་དང་འབྲེལ་བའི་ཐོག་ནས་ཡོངས་ཁྱབ་གསུང་བཤད་ཕེབས་ཟིན་ཡོད། དེ་བཞིན་གཤམ་དུ་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཐོག་ཞིབ་ཕྲ་ཡོང་རྒྱུ་རེད། དེར་བརྟེན་ཚོགས་གཙོའི་ངོས་ནས་དེའི་ཐོག་ཞིབ་ཕྲ་ཞུ་རྒྱུ་མིན། འོན་ཀྱང་རྒྱ་ནག་གཞུང་དང་དེ་དང་འབྲེལ་བའི་ཐོག་གཏམ་བཤད་གནང་མཁན་རེ་མོས་ཀྱི་ཐོག་བལྟས་སྐབས། བོད་མིའི་སྒྲིག་འཛུགས་དང་ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་ཐོག་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་རྒྱུ་མང་དུ་འགྲོ་བཞིན་པའི་ཚོར་སྣང་བྱུང་། སྤྱིར་བཏང་བོད་ནང་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་འཛིན་རྒྱུས་མཚོན་ཆོས་དང་རིག་གཞུང་། སྐད་ཡིག་ཐོག་ཉེན་ཁ་ཆེ་རུ་འགྲོ་རྒྱུ་ཞིག་དང་། མྱལ་བ་མི་ཡུལ་དུ་མྱོང་བཞིན་པ། སོ་སོའི་རང་དབང་ཡོད་པ་དེ་ཉིད་སྒྲུབ་མ་ཐུབ་པའི་དགག་རྡོ་ལྟ་བུ་ཡོད་བསྡད་པ་དེ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་སྲིད་བྱུས་ཞིག་ཆགས་ཡོད། རིགས་གཅིག་གིས་དབུས་གཞུང་གིས་སྲིད་བྱུས་མིན་པ་དང་ས་གནས་ཀྱི་ལས་དོན་བྱེད་མཁན་ཚོས་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ནས་སྲིད་བྱུས་འདི་ལྟ་བུ་སླེབས་ཀྱི་ཡོད་པ་ཆགས་ཡོད། དེར་བརྟེན་སྤྱིར་རྒྱ་ནག་གཞུང་གི་དབུ་ཁྲིད་རིམ་པ་དང་། ལྷག་པར་སྲིད་འཛིན་ཧུ་ཅིན་ཐའོ་བར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིར་འབྲེལ་བ་གནང་འདོད་ཡོད་པ་ཞིག་ཡོངས་གྲགས་བྱུང་ཡོད། བོད་ནང་སྐུ་ཚབ་ཚོགས་ཆུང་ཕེབས་ཐུབ་རྒྱུ་དང་། ལྷག་པར་༸གོང་ས་མཆོག་གི་སྐུ་ཚབ་དང་དམིགས་བསལ་གྱི་འབྲེལ་ལམ་མཐུད་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིང་གིས་འགན་འཁུར་ནས་ཕྱི་ལོ་ ༢༠༡༧ མཇུག་བར་ཁོང་གི་ལས་ཡུན་རྫོགས་འགྲོ་གི་ཡོད། དུས་ཡུན་དེའི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་དང་འབྲེལ་བ་བྱེད་རྒྱུའི་འདོད་བློ་ཡོད་པའུ་རྣམ་འགྱུར་བསྟན་མེད། འོན་ཀྱང་ཁོང་གི་ལས་ཡུན་གཉིས་པའི་སྐབས་རེ་བ་ཞིག་རྒྱག་རྒྱུ་ཡོད་པ་མཐོང་གི་ཡོད། རྒྱུ་མཚན་གཅིག་ནི། རྒྱ་ནག་གི་སྲིད་འཛིན་རིམ་པས་འབྲེལ་བ་བྱས་པ་དང་། དེའི་གྲུབ་འབྲས་ཇི་སོན་ལ་མ་ལྟོས་པའི་ཐོག་ནས་ཕན་ཚུན་གོ་བརྡ་སྤྲོད་རེས་ལྟ་བུ་ཡོངས་གྲགས་ཆགས་ཡོད། དེ་འདྲའི་ཐོག་ནས་རེ་བ་ཡོད་པ་ལྟ་བུ་ཞིག་མཐོང་གི་ཡོད། དེ་ལས་གཞན་པའི་ཉེ་ཆར་རྒྱ་ནག་སྐབས་ ༡༢ གྲོས་ཚོགས་ཐེངས་ལྔ་པའི་སྐབས་སྲིད་བློན་ལི་ཁེ་ཆང་གིས་བོད་ཅེས་པའི་མིང་ཞིག་བཏོན་འདུག དེའི་རྒྱབ་ལྗོངས་ཐོག་ང་ཚོ་ཞིབ་ཕྲ་འགྲོ་དགོས་དོན་མི་འདུག མིང་བཏོན་པའི་རྗེས་ཀྱི་འགྲེལ་བཤད་དེར་ལྟ་སྐབས་རེ་བ་དང་ཉེན་ཁ་ཡང་ཡོད་པ་ལྟ་བུ་ཞིག་མཐོང་གི་འདུག རྩ་བའི་སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་སྲིད་བྱུས་དབུ་མའི་ལམ་གྱི་བོད་རྒྱ་འབྲེལ་མོལ་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད། དེ་བཞིན་རྒྱ་ནག་གཞུང་གི་འགན་འཛིན་འགོ་ཁྲིད་རྣམ་པ་ཡིན་ནའང་བོད་ཀྱི་ཐོག་མཁྲེགས་བཟུང་གི་སྲིད་བྱུས་དོར་ཏེ་གུ་ཡངས་སྒོ་ནས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་རྒྱུར་བསམ་ཤེས་བྱེད་དགོས་ཀྱི་འདུག་ཅེས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་འབོད་སྐུལ་ཞུ་འདོད་བྱུང་།
གནད་དོན་གཞན་ཞིག་ནི་ཕྱི་ལོ་ ༢༠༡༧ ཟླ་ ༡ ནང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ ལེགས་པར་གྲུབ་པའི་སྐབས་འཛིན་སྐྱོང་བཀའ་ཤག་དང་། དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་ནས་འགན་ཁུར་ཧ་ལས་པའི་འཐུས་གཙང་གནང་བར་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
ང་ཚོས་དངོས་སུ་བསྟན་པ་དང་ཆབ་སྲིད་ཀྱི་ལས་དོན་བསྒྲུབས་ཐུབ་པ་དེ་དག་ལེགས་པའི་རྒྱན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་བཞིན་བྷི་ཧར་མངའ་སྡེའི་གཞུང་དང་སྤྱི་ཁྱབ་བློན་ཆེན། ས་གནས་སོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲུང་གིས་མཚོན་མཐུན་འགྱུར་དང་ཐུགས་སྣང་དམིགས་བསལ་གནང་བར། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་གཙོས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལེགས་པར་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། ༸གོང་ས་མཆོག་གིས་ལོ་བརྒྱ་ལྷག་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་ཕེབས་ཡོད། དེར་བརྟེན་དེ་རིང་གི་གོས་སྐབས་འདི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་ང་ཚོ་བོད་མི་རྣམས་ནང་ཁུལ་དམ་ཚིགས་ཟོང་ཁ་ཆིག་སྒྲིལ་གྱི་ཐོག་ནས་མགོན་པོ་གང་ཉིད་མཆོག་གི་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད་དགོས་རྒྱུ་ནི་ང་ཚོའི་ལས་འགན་གཡོལ་ཐབས་མེད་པ་ཞིག་ཆགས་ཡོད། ང་ཚོར་དུས་ཚོད་འདི་ལྟ་བུའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ནི་སྲིད་པ་ཁམས་གསུམ་དུ་བཙལ་ཡང་རྙེད་མི་ཐུབ་པ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོ་བོད་རིགས་རྣམས་ངོ་ལྐོག་རྒྱབ་མདུན་མེད་པར་བཀའ་དྲིན་བསམ་ཤེས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་་ཆགས་ཡོད་པ་མ་ཟད། དེ་བཞིན་དྲིན་ལན་ལོག་མཇལ་གྱི་རྒྱུ་རྐྱེན་ལ་འབད་སྒྲུབ་བྱས་པ། དགྲ་དགའ་གཉེན་སྡུག་གི་རྒྱུ་རུ་འགྲོ་རྒྱུ་ཕྲ་མོ་ཙམ་ཡང་མི་ཡོང་བ་བྱེད་དགོས། ང་ཚོས་རང་འགན་རང་སྲུང་གི་ཐོག་ནས་བོད་མ་ིའི་འཐབ་རྩོད་དང་། ང་ཚོ་རང་འགན་རང་སྲུང་ཐོག་ནས་བོད་མིའི་འཐབ་རྩོད་རེད། བོད་ཀྱི་སྤྱི་ཚོགས་ཀྱི་ཆེས་མཐོང་རེད། དེ་ཚོར་ཞན་ཆ་མི་འདྲ་བའི་ཐོག་ནས་འགན་འཁུར་བཞེས་དགོས་རྒྱུ་འདི་གལ་ཆེད་པོ་རེད། དེ་འདྲ་ཡིན་དུས་དེ་རིང་གོ་སྐབས་འདི་བརྒྱུད་འདི་གལ་ཆེན་པོ་བྱས་ནས་ཞུ་རྒྱུ་གཅིག་ཡིན།
ང་ཚོ་གྲོས་ཚོགས་ནང་ལས་རིམ་སྐྱོང་བའི་སྐབས་སུ་འཛིན་སྐྱོང་བཀའ་ཤག་ཡིན་ནའང་འདྲ། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཡིན་ནའང་འདྲ། གྲོས་ཚོགས་ནང་ལ་གྲོས་ཆོད་གྲོས་འཆར་རེད། ཁྲིམས་མཐུན་ལས་དོན་རེད། དེ་བཞིན་སྙན་ཐོ་ཁག་རེད། གང་ཕེབས་པ་ཡིན་ནའང་བགྲོ་གླེང་ཆ་ཤས་བླངས་པའི་སྐབས་སུ་བསམ་ཚུལ་མ་མཐུན་པ་ཡོང་དགོས་རྒྱུ་ཆོས་ཉིད་རེད། འདི་ཡོང་སྲིད་པ་རེད། འོན་ཀྱང་གནད་དོན་གང་གི་ཐོག་ལ་ཡིན་ནའང་སྙིང་པོ་དང་། གནད་དོན་དེའི་ཐོག་ལ་བགྲོ་གླེང་ཡག་པོ་ཡོང་ཐུབ་རྒྱུ་དང་། འདི་སྤྱི་མོས་ཡོང་ཐུབ་རྒྱུར་ཚང་མས་འབད་བརྩོད་ཞུ་ཐུབ་རྒྱུ་གཅིག་འདུག དེ་བཞིན་སྤྱི་ཚོགས་ནང་གི་གནད་དོན་འདྲ་མིན་གང་འདྲ་ཡིན་ནའང་གྲོས་ཚོགས་ནང་གླེང་བ་ཡིན་ན་དེ་ཡང་གསང་པོ་དང་དྲང་པོ་བྱས་ནས་ཞུ་ཐུབ་རྒྱུ་གལ་ཆེན་པོ་རེད། དེ་ལ་ཆབ་སྲིད་དང་སྡིག་རྭ་ལྟ་བུའི་ཐོག་ནས་བཀའ་མོལ་དེ་གསུངས་བསྡད་པ་ཡིན་ན་རང་བཞིན་གྱི་ཆེས་མཐོང་དང་། དེ་བཞིན་བཟང་སྤྱོད་དང་གང་སྤྱིའི་ཐོག་ནས་མི་མཐུན་པ་དེ་འདྲ་ཡོང་གི་ཡོད་རེད། དེ་ཚོའི་ཐོག་ལ་ཚང་མ་མཁྱེན་པའི་བདག་པོ་ཤ་སྟག་ཡིན་དུས་ཞིབ་ཕྲ་ཞུ་མི་དགོས་པར་དྲན་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང་།
དེ་རིང་ཚོགས་གཙོའི་དབུ་འབྱེད་ཀྱི་གཏམ་བཤད་དེ་འདྲ་ཙམ་ཡིན། མཐའ་དོན་༸སྤྱི་ནོར་གོང་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་གྲུབ་པ་དང་། བོད་གཞིས་བྱེས་མཉམ་འཛོམས་ཡོང་བ་དང་། དེ་རིང་གྲོས་ཚོགས་འདིའི་ལས་རིམ་ཚང་མ་ལམ་ལྷོང་ཡོང་བར་ཚང་མས་སྨོན་འདུན་གནང་རོགས་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་། དེ་རྗེས་ཚོགས་གཙོའི་ལས་ཚབ་དང་ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་འཛུགས་གནང་བསྟུན། གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ནང་བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༡༤༥ པ་བཀྲ་ཤིས་རབ་བརྟན་ལགས་དང་། སྤྱི་ཟུར་ཨ་འབྱུང་རྡོ་རྗེ་ཚེ་རིང་ངམ་རིག་འཛིན་ལགས། སྤྱི་ཟུར་རྣམ་རྒྱལ་དབང་འདུས་ལགས། ཕྱི་དྲིལ་དང་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་ཟུར་པ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་བཅས་ལ་རྗེས་སུ་ཡི་རང་དང་མྱ་ངན་གུས་འདུད་ཞུས་ཡོད། དེ་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་བགྲོ་གླེང་གནང་ཡོད་པ་བཅས།།