ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༣ དང་ ༡༤ བཅས་ཉིན་གྲངས་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རང་རིགས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ ༤༩ ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་གྲངས་ ༤༨༨༦ བརྒལ་བར་འདི་ལོའི་དཔྱིད་ཆོས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་མགོན་པོ་གང་ཉིད་མཆོག་བཞུགས་གནས་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་ཐོག་མར་བཀའ་ཆོས་མ་བསྩལ་གོང་ནང་ཆོས་ངོ་སྤྲོད་ཀྱི་བཀའ་སློབ་སྩལ་དོན། བར་སྐབས་བོད་ནས་ཚུར་ཡོང་རྒྱུར་ཕྲན་བུ་དཀའ་ངལ་འཕྲད་དེ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཚར་རྗེས་ཕྲན་བུ་འགྲོ་བདེ་པོ་ལྟ་བུ་ཆགས་ནས་དེ་རིང་ཁྱེད་རང་ཚོ་མང་པོ་ཞིག་འདིར་སླེབས་ཡོད། དེར་བརྟེན་ཁྱེད་རང་ཚོའི་ཆོས་སྐལ་ཚུལ་དུ་ཁ་སང་བཅོ་ལྔའི་དུས་ཚིགས་ཀྱི་གསུང་ཆོས་ཤིག་ཡོད་རེད་ལ། དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་ཁྱེད་རང་ཚོ་བོད་ནས་ཡོང་མཁན་ཚོའི་ཆེད་དུ་དམིགས་པ་ཡིན། ཁྱེད་རང་ཚོ་བོད་རྒྱ་ཆེ་མི་མང་རྣམས་དངོས་གནས་ལྷག་བསམ་དང་སྙིང་སྟོབས། འགྲན་ཟླ་བྲལ་བ་རེད། མཁྱེན་སོང་ངམ།
ང་རང་ཚོ་དད་ཞེན་བྱེད་ཡུལ་སངས་རྒྱས་པའི་ཆོས་འདི་གཞི་རྐང་རྒྱ་ནག་ནང་གི་ནང་པ་ས་ཡ་བཞི་བརྒྱ་སྐོར་ཡོད་པ་དེ་དག་ནང་པའི་ཆོས་ལ་དད་པ་བྱེད་མཁན་གཅིག་གྱུར་རེད། དེ་སྔ་བོད་ལ་སྲོང་བཙན་སྒམ་པོ་བཞུགས་པའི་སྐབས་ནས་ནང་པའི་བསྟན་པ་རྒྱ་ནག་ནང་དར་ཡོད། དཔེར་ན། ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་དང་ར་མོ་ཆེའི་ཇོ་བོ་རྒྱལ་ས་དང་བལ་ས་གཉིས་ཀྱིས་གདན་ཞུས་གནང་ཡོད། འོན་ཀྱང་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་རྒྱ་གར་རང་ནས་ཐད་ཀར་ཚུར་བཞེས་རྒྱུའི་དགོངས་པ་བཞེས་ཏེ་དེའི་ཚེ་དེའི་དུས་རྒྱ་གར་དུ་ནང་པའི་ཆོས་ཀྱི་སློབ་གཉེར་ཁང་བསྟི་གནས་ལྟ་བུ་གཙོ་བོ་ནི་ནཱ་ལེནྡྲ་ཆགས་ཡོད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ནཱ་ལེནྡྲ་ནས་ཕལ་ཆེར་དུས་རབས་བདུན་པ་བརྒྱད་པ་མིན་ནམ། གང་ལྟར་དེའི་གནས་སྐབས་སུ་ནཱ་ལེནྡྲ་ཧ་ཅང་ཡར་རྒྱས་ཆེན་པོ་ཡོད་པ་དང་། མཁས་པ་མང་པོ་ཐོན་པ་མདོར་ན་ཀླུ་སྒྲུབ་ཡབ་སྲས་ཐོགས་མེད་མཚོན་པའི་དེ་དག་མང་ཆེ་བ་ནཱ་ལེནྡྲའི་མཁས་པ་ཆགས་ཡོད། དེར་བརྟེན་མཁན་ཆེན་ཞི་བ་འཚོ་དེའི་ཚེ་དེའི་དུས་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་གྲས་ལྟ་བུ་ཆགས་ཡོད་སྟབས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་ནཱ་ལེནྡྲ་ནས་གདན་ཞུ་གནང་སྟེ་དེ་ལྟར་ང་རང་ཚོ་བོད་ལ་སངས་རྒྱས་པའི་ཆོས་ནཱ་ལེནྡྲའི་ཕྱག་སྲོལ་ཇི་ལྟར་ཡོད་པ་བཞིན་བོད་ལ་བསྟན་པ་གསར་དུ་བཙུགས། སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་སྐྱེས་བུ་དམ་པ་དེ་ཚོའི་གྲས་མཚན་སྙན་གྲགས་ཆེ་ཆུང་གི་སྐད་ཆ་མ་རེད། ཁོ་རང་ཚོས་བརྩམས་པའི་དཔེ་ཆ་གང་འདྲ་ཡོད་མེད་དེ་དག་ང་ཚོས་བལྟ་རྒྱུ་ཡོད། དཔེར་ན། མགོན་པོ་ཀླུ་སྒྲུབ་ལྟ་བུ་ཆ་བཞག་ན། ཁོང་གིས་བརྩམས་པའི་བསྟན་བཅོས་དེ་ཚོ་གྲས་རྒྱ་གར་གྱི་མཁས་པ་མང་པོས་ཁུངས་བརྩི་ཡུལ་ཞིག་དང་། མཁས་པའི་རྣམ་དཔྱོད་ཐོག་ནས་མར་གསུངས་པའི་ལེགས་བཤད་ཙམ་མིན་པར་ཉམས་ལེན་བྱེད་རྒྱུར་གནད་འགག་དངོས་འབྲེལ་རྩ་བ་ལྟ་བུ་གྲས་བསྟན་ཡོད་སྟབས། ངོས་ཀྱིས་ནམ་རྒྱུན་པཎ་སྒྲུབ་བཅུ་བདུན་ཞེས་བཤད་བཞིན་ཡོད།
དེ་སྔ་བོད་ལ་རྒྱན་དྲུག་མཆོག་གཉིས་ཞེས་ཡོངས་གྲགས་ཡོད། མཁན་ཆེན་ཞི་བ་འཚོ་ཆ་བཞག་ན་ཁོང་གིས་བརྩམས་པའི་བསྟན་བཅོས་དབུ་མའི་སྐོར་ལ་དབུ་མའི་རྒྱན་འདི་མི་འདྲ་བ་ཞིག་ནི། དབུ་སེམས་གཉིས་ཀའི་ལྟ་གྲུབ་ཀྱི་ལྟ་བའི་གནད་དེ་དག་གསུངས་ཡོད་པ་ཞིག་རེད་འདུག དེ་བཞིན་ཚད་མའི་གཞུང་མཛད་ཡོད། ཞི་བ་འཚོའི་ཚད་ཆེན་ཞེས་གཞུང་ཧ་ལས་པ་ཞིག་འདུག ཞི་བ་འཚོ་ག་འདྲ་ཡོད་མེད་ཁོང་གིས་བརྩམས་པའི་དཔེ་ཆ་དེ་དག་ལྟ་ན་ཤེས་རྒྱུ་རེད་འདུག དེར་བརྟེན་མཁས་པའི་གཙུག་རྒྱན་ཆགས་ཡོད། དེ་འདྲ་ཞིག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་ཞུ་གནང་སྟེ་བོད་དུ་ཕེབས་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནང་བཞིན་ཞིག་བོད་དུ་བཙུགས་པ་དང་། དེའི་གནས་སྐབས་སུ་བསམ་ཡས་ལ་གཙུག་ལག་ཁང་གླིང་གཞི་གླིང་ཕྲན་ཞེས་གཙུག་ལག་ཁང་བསྐྱོན་ནས་དེ་ཚོའི་ནང་སློབ་གཉེར་དང་དེ་འདྲའི་ལས་རིགས་མི་འདྲ་བ་གསུངས་ཡོད། དཔེར་ན། རྣམ་དག་ཚུལ་ཁྲིམས་གླིང་ཞེས་དགེ་ཚུལ་སློང་གི་བསླབ་པ་འབོག་ཆོག་ལྟ་བུ་མཚོན་པས་དེ་ཚོའི་གྲས་གཙོ་བོ་གནང་། དེ་ནས་སྒྲ་བསྒྱུར་ལོ་པཎ་གླིང་གིས་བཀའ་བསྟན་བཅོས་བོད་སྐད་ནང་བསྒྱུར་རྒྱུ་དེ་ཚོའི་ཐོག་ལ་གཙོ་བོ་འགན་འཁུར་མཁན་ཞིག་སྒྲ་བསྒྱུར་ལོ་པཎ་གླིང་ཟེར་རྒྱུ་ཞིག་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐབས་ནས་གོང་དུ་ཞུས་པ་བཞིན་རྒྱ་ནག་གོང་མ་དང་ཧ་ཅང་འབྲེལ་བ་ཡོད་པ་དང་། རྒྱའི་ནང་པ་ཚོ་དང་ཧ་ཅང་འབྲེལ་བ་ཡོད་པ་ཞིག་རེད། དེར་བརྟེན་རྒྱའི་གནས་རྟེན་ཚོས་སྒོམ་གཙོ་བོ་བརྒྱག་རྒྱུར་མི་ཡུལ་བསམ་གཏན་གླིང་དེ་འདྲ་འདུག
རྒྱའི་གནས་རྟེན་སྒོམ་གཙོ་བོ་བྱས་ནས་མགོ་སྟོད་ལ་ཕལ་ཆེར་ཆ་སྙོམས་པ་ཡིན་གྱི་རེད། དེར་བརྟེན་མཁན་ཆེན་ཞི་བ་འཚོ་རང་གིས་ངོས་འཛིན་གནང་སྟེ་མི་ཡུལ་བསམ་གཏན་གླིང་ཟེར་རྒྱུའི་གནས་གཞི་ལྟ་བུ་བསམ་ཡས་གླིང་ནང་བཟོ་གནང་བ་རེད། དེ་ནས་རིམ་པས་རྒྱའི་དགེ་སློང་བོད་དུ་ཕེབས་མཁན་དེ་ཚོའི་ནང་རིམ་བཞིན་རིགས་གཅིག་གིས་ཐོས་བསམ་དགོས་མ་རེད། སྒོམ་བརྒྱག་རྒྱུ་ཁོ་ནས་སངས་རྒྱས་ཀྱི་རེད། ཅེས་དེ་འདྲའི་ལྟ་ཚུལ་འཛིན་མཁན་དེང་སྐབས་ཡིན་ནའང་རྒྱ་ནག་བརྒྱུད་ཉི་ཧོང་དུའང་དེ་འདྲ་འདུག དེའི་ཚེ་དེའི་དུས་རྒྱའི་མཁན་པོ་རིགས་གཅིག་གིས་དཔེ་ཆ་ལྟ་དགོས་མ་རེད། སྒོམ་བརྒྱག་པ་གཅིག་པུའི་སྒྲིག་གི་རེད། ཅེས་གསུང་མཁན་ཤུགས་ཆེན་པོ་ཆགས་ཡོང་དུས་མཁན་ཆེན་ཞི་བ་འཚོས་ཞལ་ཆེམས་གནང་བ་ནང་བཞིན་སློབ་དཔོན་ཀ་མ་ལ་ཤཱི་ལ་གདན་ཞུ་གནང་བ་རེད། སློབ་དཔོན་ཀ་མ་ལ་ཤཱི་ལ་ཧ་ཅང་མཁས་པ་རེད་འདུག ཁོང་གིས་དབུ་མའི་གཞུང་སྐོར་ལ་དབུ་མ་རང་རྒྱུད་པའི་ལྟ་བ་དབུ་མ་སྣང་བ་མཛད་ཡོད། གཞུང་ཧ་ཅང་གལ་ཆེན་པོ་རེད། དེ་ནས་ཚད་ཆེན་གྱི་འབྲེལ་བ་པོད་གཉིས་མཛད་ཡོད། གང་ལྟར་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་བསྟན་པ་འདི་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱིས་ངོ་སྤྲོད་ལམ་སྟོན་གནང་བ་ནང་བཞིན་བོད་གངས་ཅན་པའི་སྐྱེས་བུ་བསོད་ནམས་དང་རྣམ་དཔྱོད་ཅན་ཚོས་མི་རབས་ནས་མི་རབས་བསྟན་པ་འདི་དུས་ད་ལྟ་བར་བཟུང་ནས་བསྡད་པ་རེད། དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པའི་ཆོས་བྱེད་མཁན་ཧ་ལམ་དུང་ཕྱུར་བཅུ་གྲངས་ཡོད། གཙོ་བོ་རྒྱ་ནག་ནང་ནང་པ་ཧ་ཅང་མང་པོ་ཡོད། དེ་ནས་འབར་མ་ལ་སོགས་པ་དེ་དག་ནང་པའི་ལུང་པ་ཆགས་ཡོད། དེར་བརྟེན་ནང་པའི་ཡུལ་གྲུ་ཧ་ཅང་མང་པོ་རེད། འོན་ཀྱང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལྟ་གྲུབ་གཏན་ལ་ཕབ་པའི་གནས་སྐབས་སུ་ཚད་མའི་གཞུང་དང་འབྲེལ་ནས་གཏན་ལ་ཕབ་རྒྱུ་བོད་གཅིག་པུ་ལ་མ་གཏོགས་མི་འདུག ང་ཚོ་བོད་ལ་གཞུང་ཆེན་ལྟ་སྐབས་ཚད་མའི་གཞུང་དེ་དག་གལ་ཆེན་པོ་བྱས་ནས་ལྟ་གི་ཡོད། དང་པོ་དཔེ་ཆ་བལྟ་རྒྱུ་འགོ་འཛུགས་པའི་སྐབས་ནས་བསྡུས་གྲྭ་བསླབ་རྒྱུ་དེ་འདྲའི་ཐོག་ནས་རིགས་ལམ་འགོ་དང་པོ་འཛུགས་པའི་སྐབས་ནས་བསྡུས་གྲྭ་བསླབ་ཀྱི་ཡོད།
བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་ཆོས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱིས་ཕྱག་བཞེས་ཇི་མ་ཇི་བཞིན་ལོ་སྟོང་ཕྲག་ལྷག་རིང་འཛིན་སྐྱོང་སྤེལ་གསུམ་ཞུ་ཆོག་གི་རེད། བོད་རང་གི་མཁས་པ་མང་པོས་ལེགས་བཤད་བརྩམས་པ་དེ་འདྲའི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་དངོས་གནས་གནང་ཡོད། དེ་ནས་བོད་ནས་ཆེན་པོ་ཧོར་གྱི་ཡུལ་སོག་ཡུལ་དུའང་བོད་གངས་ཅན་ལྗོངས་སུ་ཡོད་པ་ནང་བཞིན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཆ་ཚང་བ་ཞིག་ཁྱབ་སྟེ་དེང་སྐབས་ཡིན་ནའང་ཨུ་རུ་སུའི་ཁོངས་ལ་རང་སྐྱོང་ཁག་མང་པོ་ཡོད། དེ་དག་གི་ནང་ནས་ཁག་གསུམ་བཞི་ཙམ་བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་ཆགས་ཡོད། དེར་བརྟེན་ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་བསྟན་པ་འདི་བསྟན་པ་འདྲ་འདྲའི་ནང་ནས་སྤུས་དག་ཤོས་ཤིག་ཆགས་ཡོད་པ་ཧ་ཅང་གསལ་པོ་རེད་འདུག དབུས་ཀྱི་གདན་ས་ཚོ་ཧ་ཅང་སྐྱོ་པོ་ཆགས་བཞིན་འདུག མདོ་སྟོད་སྨད་ས་ཁུལ་དུ་བཤད་གྲྭ་དགོན་ཆེན་དེ་ཚོའི་གྲས་གང་ཙམ་ཡོད་པའི་བཟོ་འདྲ་བོ་ཞིག་རེད།
གང་ལྟར་ཁྱེད་རང་ཚོ་བོད་ནས་དཀའ་ངལ་དུ་མ་ཁྱད་དུ་བསད་ནས་དེ་རིང་འདིར་ཆེད་མངགས་ཡོང་བ་ཚོ་དེ་རིང་དང་སང་ཉིན་ཁྱེད་རང་ཚོའི་ཆོས་སྐལ་ལྟ་བུ་ཡིན། སང་ཉིན་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་དབང་བྱེད་ཀྱི་ཡིན། ཁྱེད་རང་ཚོ་དབང་གི་སྐལ་བ་འདི་ཐུགས་རྗེ་ཆེན་པོའི་དབང་གི་ཐོག་ནས་བྱུང་བཞིན་ཡོད། དེ་རིང་ཆོས་འབྲེལ་ནི་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ནང་ནས་སྒོམ་རིམ་བར་པ་དང་། དེ་ནས་ལག་ལེན་སོ་བདུན་མ་བཅས་དཔེ་ཆ་འདི་གཉིས་པོ་ངོས་ཀྱིས་འདེམ་དགོས་དོན་ནི། སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་མཁན་ནི་སློབ་དཔོན་ཀ་མ་ལ་ཤཱི་ལ་རེད། མཛད་ཡུལ་བོད་ལ་མཛད་པ་རེད། མཛད་པའི་དུས་ཚོད་ནི་གོང་དུ་ངོས་ཀྱིས་ཞུས་པའི་རྒྱའི་མཁན་པོ་རིགས་ཤིག་གིས་བསྒོམ་པ་བསམ་གཏན་ཁོ་ན་མ་གཏོགས་གཞན་དཔེ་ཆ་བལྟ་རྒྱུ་དེ་ཙམ་དགོས་མ་རེད་ཅེས་དེ་འདྲའི་ལྟ་སྤྱོད་འཛིན་མཁན་ཚོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་ཞུ་གནང་བ་ནང་བཞིན་སློབ་དཔོན་ཀ་མ་ལ་ཤཱི་ལ་ཕེབས་ནས་རྒྱའི་མཁན་པོ་དེ་ལྟ་བུའི་ལྟ་གྲུབ་འཛིན་མཁན་དང་མཉམ་དུ་བགྲོ་གླེང་གནང་བ་དང་དེའི་མཇུག་ཏུ་སྒོམ་རིམ་མཛད་པ་ཡིན་པ་རེེད། སྒོམ་རིམ་དང་པོ་གདན་ཞུ་གནང་མཁན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རེད། སྒོམ་རིམ་བརྩམ་རོགས་གནང་ཞེས་བསྐུལ་མ་ཞུས་མཁན་ཁྲི་སྲོང་ལྡེའུ་བཙན་རེད་འདུག ཁྲི་སྲོང་ལྡེའུ་བཙན་གྱི་བསྐུལ་མ་གནང་བ་ནང་བཞིན་མཛད་པའི་གཞུང་ཞིག་ཆགས་སྟབས། ང་རང་ཚོ་བོད་པ་དང་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་འདུག
རྩ་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དཔལ་མར་མེ་མཛད་བསམ་གྱི་མི་ཁྱབ་པའི་སྐྱེས་བུ་དམ་པ་དེ་བོད་དུ་ཕེབས་ནས་བྱང་ཆུབ་ལམ་སྒྲོན་མཛད་པ་རེད། ཁྱད་པར་ཞིག་ནི་ངོས་ཀྱི་དེ་ལྟར་དྲན་གྱི་ཡོད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བོད་ཆོལ་ཁ་གསུམ་ཚང་མར་དབང་སྒྱུར་ཐུབ་མཁན་མདོར་ན། རྒྱ་ཧོར་བོད་གསུམ་ཞེས་གྲགས་པའི་ཆོས་རྒྱལ་ཞིག་ཆགས་ཡོད། ཞུས་པ་པོའི་ངོས་ནས་ཆ་བཞག་ནའང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དབུ་འཕང་ཧ་ཅང་མཐོ་བོ་ཡོད་པའི་ཆོས་རྒྱལ་ཞིག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།