༢༠༡༧ ཟླ་ ༣ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །འདི་གར་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༢ ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཅན་མ་རི་སེ་ར་འགྲོ་ཕན་གླིང་དུ་སྒང་ཏོག་གནས་སྡོད་བོད་མི་རྣམས་ནས་གཞུང་འབྲེལ་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་ས་གནས་སུ་གཞུང་འབྲེལ་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུ་སྐབས་སྒང་ཏོག་ས་གནས་འགོ་འཛིན་གྱིས་བོད་མིའི་སྒྲིག་འཛུགས་ནས་གཏན་འབེབས་གནང་བའི་བོད་ཀྱི་བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས་མང་ཚོགས་ལ་གསལ་བསྒྲགས་དང་འགྲེལ་བརྗོད་གནང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་གཞུང་གིས་ཁྲིམས་རྩོད་པ་བོད་ཀྱི་བུད་མེད་སྒྲོལ་མ་ལགས་དང་། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སྒྲོལ་དཀར་ལགས། ས་གནས་སྐོར་སྲུང་ལས་ཁུངས་ཀྱི་ཉེན་རྟོག་དྲུང་ཆེ་ལས་འཕར་སྒྲོལ་མ་ཆོས་འཛོམས་ལགས། ཉེན་རྟོག་འགོ་དཔོན་ཚེ་རིང་གཡང་འཛོམས་ལགས། མངའ་གཞུང་སྨན་ཁང་གི་སྨན་པ་པདྨ་གཡུ་སྒྲོན་སོགས་ས་གནས་གཞན་གྱི་གནད་ཡོད་བོད་ཀྱི་བུད་མེད་ལས་བྱེད་ཁག་གཅིག་དམིགས་བསལ་སྐུ་མགྲོན་གདན་ཞུ་གནང་བའི་ཁོངས་སྐུ་མགྲོན་གསུམ་ཆེད་ཕེབས་བྱུང་བ་རྣམས་ལ་ས་གནས་འགོ་འཛིན་ནས་མི་མང་གི་ཚབ་ཞུས་སྟེ་ལེགས་གསོལ་བསྔགས་བརྗོད་དང་མཇལ་དར་རེ་ཕུལ་ཡོད།
གཞན་ཡང་འབྲས་ལྗོངས་ནང་གནས་སྡོད་བོད་ཀྱི་བུད་མེད་ད་བར་བོད་པའི་སྤྱི་ཚོགས་ནང་སྤྱི་མཐུན་ཐོག་ལྷག་བསམ་ཟོལ་མེད་ཀྱིས་མི་ལོ་ཧྲིལ་པོ་ ༢༢ ལྷག་ཕྱག་ལས་གནང་མཁན་བོད་ཀྱི་བུད་མེད་ཟུར་ཁང་བདེ་ཆེན་སྒྲོལ་དཀར་ལགས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་ཡོད་པ་མ་ཟད། ས་གནས་བོད་ཀྱི་བུད་མེད་སྤྱི་དང་། ལྷག་པར་བུད་མེད་གཞོན་སྐྱེས་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་གཉིས་སུ་ཕྱག་ལས་གནང་དགོས་པ་དང་། གཞན་ཡང་དབུས་དང་ས་གནས་མངའ་སྡེ་གཞུང་གི་ལས་གནས་མཐོ་བའི་རིགས་ཐོབ་ཐབས་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་བཅས།།