༢༠༡༠ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅།།འདི་གར་ཨོ་སི་ཊོ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་ཕྱི་ཟླ་ ༡༠ ཚེས་ ༨ ཉིན་རྒྱ་ནག་གི་བཙོན་དུ་ཡོད་པའི་རྩོམ་པ་པོ་སྐུ་ཞབས་ལིའུ་ཞའོ་པོ་ལ་གནང་རྒྱུའི་གསལ་བསྒྲགས་གནང་རྗེས། འཛམ་གླིང་ས་ཕྱོགས་གང་སར་རྒྱ་རིགས་རྣམས་ཀྱིས་དགའ་བསུའི་རྟེན་འབྲེལ་ཞུ་བཞིན་ཡོད་པ་མ་ཟད། ཨོ་སི་ཊོ་ལི་ཡའི་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ནས་༸གོང་ས་མཆོག་དང་བོད་རིགས་རྣམས་ཀྱིས་སྐུ་ཞབས་ལིའུ་ཞའོ་པོ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་ཡང་ཨོ་སི་ཊོ་ལི་ཡ་མེལ་བྷོན་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཡུས་ཧྲི་ཤིན་ནས་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་བརྒྱུད་འཕྲིན་ཡིག་བཏང་བའི་ནང་འཁོད་དོན། ལིའུ་ཞའོ་པོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར། སྐུ་ཚབ་ནས་མེལ་བྷོན་རྒྱ་བོད་མཐུན་ཚོགས་ཀྱི་ཚོགས་མི་དང་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་རིགས་སྤུན་ཟླ་རྣམས་ནས་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན་ལ། བོད་རིགས་སྤུན་ཟླ་རྣམས་ཀྱིས་ང་ཚོ་དང་ལྷན་དུ་དགའ་སྟོན་གནང་རོགས་ཞུ་རྒྱུ་ཡིན། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བདེན་པའི་ཕྱོགས་སུ་ལངས་པར་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་པ་མ་ཟད་། ངོ་ཚོའི་དམིགས་ཡུལ་ཏན་ཏན་འགྲུབ་སྲིད་པ་རེད་ཅེས་འཕྲིན་ཡིག་ནང་བཀོད་ཡོད། ཡང་ཨོ་སི་ཊོ་ལི་ཡ་སི་ཌི་ནི་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཞོན་ལྕམ་སྐུ་ཧྲི་གའོ་དབྱིན་གྱིས་འཕྲིན་ཡིག་བཏང་བའི་ནང་འཁོད་དོན། སྐུ་ཞབས་ལིའུ་ཞའོ་པོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མ་ཐག་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཚམས་འདྲིའི་བཀྲིས་བདེ་ལེགས་ཀྱི་གསུང་འཕྲིན་སྩལ་ཡོད་ལ། ངས་ཀྱང་རྒྱ་ནག་ནང་གི་དྲ་གྲོགས་རྣམས་ལ་གནད་དོན་དེ་དག་ཁ་གསལ་ཞུ་རྒྱུའི་གོ་སྐབས་བྱུང་ཞེས་འཕྲིན་ཡིག་ནང་བཀོད་ཡོད།
དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༩ ཉིན་ཨོ་སི་ཊོ་ལི་ཡའི་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཆིན་ཅིང་དང་མཁས་དབང་སྐུ་ཞབས་ཕང་ཆུང་ཡིན་གཉིས་ནས་གོ་སྒྲིག་འོག རྒྱ་ནག་མང་གཙོ་ལས་འགུལ་བ་དང་། མཁས་དབང་། སྒྱུ་རྩལ་བ་སོགས་མི་གྲངས་ ༥༠ ལྷག་འདུ་འཛོམས་ཀྱིས་སྐུ་ཞབས་ལིའུ་ཞའོ་པོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་དགའ་སྟོན་སྲུང་བརྩི་ཞུས་ཡོད་ཅིང། སྐུ་ཞབས་ཆིན་ཅིང་ལགས་ནས་༸གོང་ས་མཆོག་གི་ཐེངས་འདིའི་སྐུ་ཞབས་ལིའུ་ཞའོ་པོ་ལ་བྱ་དགའ་ཐོབ་རྒྱུའི་ཆ་ཤས་ནང་ནུས་པ་ཤུགས་ཆེ་ཐེབས་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་ལ། ༸གོང་ས་མཆོག་ནས་རྒྱབ་སྐྱོར་མཛད་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།
ཨོ་སི་ཊོ་ལི་ཡའི་རྒྱ་བོད་མཐུན་ཚོགས་ནས་༸གོང་ས་མཆོག་དང་བོད་མི་རྣམས་ཀྱིས་ལིའུ་ཞའོ་པོ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ།
གསར་གནས།
འབྲེལ་གནས།