༢༠༡༧ ཟླ་ ༣ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་མཆོག་ནས་བོད་མིའི་རིག་གཞུང་དང་ཆོས་དད་རང་དབང་གི་གནས་སྟངས་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་འདུག དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༧ རེས་གཟའ་པ་སངས་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལོ་འཁོར་སྙན་ཐོ་སྒྲོགས་སྦྱང་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་པི་རིན་སི་ཛི་ཡ་དི་ར་ཐི་ཛི་ཡ་ཐི་ཨལ་ཧུ་སེན་ Prince Zeid Ra’ad Zeid Al-Hussein མཆོག་གིས། བོད་མིའི་རིག་གཞུང་དང་ཆོས་དད་རང་དབང་གི་གནས་སྟངས་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་ཙམ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་གལ་ཆེ་ཁག་གཅིག་གི་ཐོག་རྒྱ་ནག་དང་ལྷན་དོན་སྙིང་ལྡན་པའི་གྲོས་མོལ་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པའི་རྣམ་འགྱུར་གསལ་བཏོན་གནང་དོན། ལྷག་པར་ཡུ་གུར་དང་བོད་ནང་རང་གི་རིག་གཞུང་སྲུང་སྐྱོབ་དང་ཆོས་དད་རང་དབང་ཉམས་ལེན་བྱ་རྒྱུའི་ཐོབ་ཐང་ཐད་དམ་བསྒྲགས་ཧ་ཅང་བྱེད་བཞིན་པའི་གནས་སྟངས་ཐད་ང་རང་སེམས་འཚབ་ཧ་ཅང་སྐྱེས་བྱུང་། དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་གལ་ཆེ་ཁག་གཅིག་ཐོག་རྒྱ་ནག་དང་ལྷན་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་ཐབས་སླད་འབད་བརྩོན་མུ་མཐུད་ནས་ཞུ་རྒྱུ་ཡིན།
སྤྱིར་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་བཏོན་པའི་སྙན་ཐོའི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ནི་རྒྱ་ནག་ནང་དུ་གཞུང་གིས་དམ་བསྒྲགས་ཤུགས་ཆེ་ཤོས་བྱེད་ས་ཞིག་ཡིན་པ་དང་། སྙན་ཐོ་དེའི་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་མ་ཟད། ལྷག་པར་བོད་མི་ཚོར་རང་གི་རྩ་བའི་བླ་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཚུན་ཆད་ཉར་མི་ཆོག་པའི་བཙན་བཀའ་གཏོང་བཞིན་ཡོད་སྐོར་འཁོད་འདུག
འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ འཚོགས་ལ་ཉེ་བའི་སྐབས་དེར་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་དམིགས་བསལ་མཁས་ལས་མི་སྣ་དྲུག་གིས་ཡོངས་གྲགས་ཐོག བོད་ནང་དུ་བོད་མིའི་ཆོས་དད་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད། ལྷག་པར་བསྒྲགས་གཏམ་དེའི་ནང་དུ་དེང་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་དུ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་རྣམས་གསལ་བཏོན་དང་སྦྲགས། དམིགས་བསལ་མཁས་ལས་པ་ཁོང་རྣམས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་དང་། ལྷག་པར་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ནི་སེམས་འཚབ་ཧ་ཅང་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་གསལ་བཏོན་གནང་ཡོད་པ་བཅས།།