༢༠༡༧ ཟླ་ ༣ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་བྱ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ་དུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་རེན་ཌེར་ཀ་ཤབ་ Dr Subash Kashyab མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སུ་རེནྡྲ་ཀུ་མཱར་ Shri Surendra Kumar ལགས་དང་ནྣད་ཀི་ཤོར་ཊི་ཁ་ Dr. Nand Kishore Trikha ལགས། ལྡི་ལི་མངའ་སྡེའི་འགྲིམ་འགྲུལ་སྐོར་འཆག་སྤྱི་ཁྱབ་འགན་འཛིན་ནོར་བུ་ལགས། ལྡི་ལི་ཡར་རྒྱས་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པ་ཅན་དུ་བྷུ་ཊི་ཡ་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག
དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་ལྷག་འདུ་འཛོམས་ཀྱིས་ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་གྲུབ་མཚམས་བོད་རྒྱལ་ཁབ་དང་མི་རིགས་སླད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་སོགས་ནས་གསུང་བཤད་གནང་གྲུབ་བསྟུན་སློབ་ཕྲུག་དང་མི་མང་བཅས་ནས་རིག་གཞུང་འཁྲབ་སྟོན་གནང་ཡོད། མཐར་བརྒྱ་འཐུས་ལས་ཁུངས་ནས་སྐུ་མགྲོན་རྣམ་པ་དང་། མི་མང་ཡོངས་ལ་ཉིན་གུང་ཞལ་ལག་སྟབས་བདེ་ཞིག་ཕུལ་ཡོད། །