༢༠༡༧ ཟླ་ ༣ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཨུ་རུ་སུ་སྤྱི་མཐུན་གྱི་ནང་པའི་རྒྱལ་ཁབ་ཐུ་ཝ་ཁུལ་དུ་ལོ་གསར་རམ་ཐུ་ཝའི་སྐད་ཐོག་ Shagaa ཞེས་སྲུང་བརྩི་ཞུ་བ་དང་སྟབས་བསྟུན། ཐུ་ཝ་ཡུལ་གྱི་རྒྱལ་སར། ཇི་སྲིད་ནམ་མཁའ་གནས་པ་དང་། ཞེས་པའི་༸གོང་ས་མཆོག་གི་ཞི་བདེ་དང་རེ་བའི་སྐོར་གྱི་ལམ་སྟོན་བཀའ་སློབ་འཁོད་པའི་སྐུ་པར་འགྲེམས་སྟོན་ཞིག་གནང་བཞིན་འདུག
སྤྱིར་༸གོང་ས་མཆོག་ཕྱི་ལོ་ ༡༩༩༢ ལོར་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཡོད་ཅིང་། དེ་རྗེས་ས་གནས་ནང་པའི་དབུ་བླ་སོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་༸གོང་ས་མཆོག་ཁུལ་དེར་གདན་ཞུ་ཆེད་འབད་བརྩོན་ཐེངས་མང་ཞུས་ཀྱང་ཨུ་རུ་སུའི་གཞུང་དང་རྒྱ་ནག་དབར་འབྲེལ་བ་ཉེས་པོ་ཡོད་སྟབས་ཆོག་མཆན་ཕུལ་མེད།
དེ་སྔ་མགོན་པོ་གང་ཉིད་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་པར་བརྟེན་དད་ལྡན་མང་ཚོགས་ཁྲོད་དགའ་དད་ཀྱི་ཚོར་བ་མུ་མཐུད་གནས་བཞིན་ཡོད་པར་བརྟེན་ཕྱི་ལོ་ ༢༠༡༧ ལོ་འདི་འཁོར་མོར་༸གོང་ས་མཆོག་ཐུ་ཝར་ཆིབས་སྒྱུར་བསྐྱངས་ནས་ལོ་ ༢༥ འཁོར་བའི་དུས་སྟོན་ཆེད་སྲུང་བརྩི་ཞུ་རྒྱུ་ཡིན་འདུག་ཅིང་། དུས་སྟོན་སྲུང་བརྩི་ཞུ་ཆེད་༸གོང་ས་མཆོག་གི་སྐུ་པར་འགྲེམས་སྟོན་གོ་སྒྲིག་ཞུས་འདུག
དེ་ཡང་ཐུ་ཝ་ཡུལ་གྱི་གཙོ་འཛིན་སྐུ་ཞབས་ Sholban Kara-ool མཆོག་གི་ལམ་སྟོན་ལྟར་༸གོང་ས་མཆོག་གི་སྐུ་པར་འགྲེམས་སྟོན་གྱི་ལས་རིམ་ཞིག་གོ་སྒྲིག་ཞུ་ཐུབ་པ་བྱུང་བ་མ་ཟད། སྐུ་པར་འགྲེམས་སྟོན་འདི་བཞིན་རྒྱལ་ཁབ་འགའ་ཤས་ནང་གོ་སྒྲིག་གནང་རྗེས་ཐེངས་འདིར་ཡུལ་དེར་འབྱོར་ཡོད། ཐེངས་འདིའི་འགྲེམས་སྟོན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུ་ཝར་ཆིབས་སྒྱུར་སྐྱོང་སྐབས་ཆོས་འབྲེལ་དང་། གནས་གཟིགས་མཛད་པ། མི་སྣ་མཇལ་འཕྲད་སོགས་ཀྱི་མཛད་འཕྲིན་ཁག་གཙོ་བོར་གྱུར་བའི་རླབས་ཆེན་གྱི་མཛད་རྗེས་ཁག་དང་འབྲེལ་བའི་སྐུ་པར་ཁག་གཅིག་ཡོད་འདུག སྐུ་པར་དེ་དག་ཐུ་ཝ་རྒྱལ་ཡོངས་འགྲེམས་སྟོན་ཁང་ National Museum of the Republic of Tuva ནས་མཐུན་འགྱུར་གནང་བ་ཞིག་ཡིན་འདུག
སྤྱིར་སྐུ་པར་འགྲེམས་སྟོན་དེ་ཐུ་ཝ་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་ངེས་སྟོན་པ་སྐུ་ཞབས་ Kaadyr-ool Bicheldei ལགས་ཀྱིས་ཐོག་མར་དབུ་འབྱེད་གནང་ཡོད་ཅིང་། སྐབས་དེར་ཐུ་ཝ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་མཁས་དབང་། གསར་འགོད་པ། སློབ་ཕྲུག ཆོས་པ་སོགས་མཉམ་ཞུགས་གནང་འདུག སྐབས་དེར་གཏམ་བཤད་གནང་མཁན་ཁོངས་རྩོམ་པ་པོ་སྐུ་ཞབས་ Cherig-ool Kuular ལགས་དང་། བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་དང་པོ་ལྕམ་སྐུ་ Uliana Bicheldey ལགས། ནང་དོན་རིག་པ་དང་བོད་རིག་པའི་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་ Chechek Adygbai ལགས་བཅས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཐུ་ཝར་ཆིབས་སྒྱུར་བསྐྱངས་གནང་མཛད་སྐབས་ཀྱི་དྲན་ཚོར་བརྗེ་ལེན་གནང་འདུག་པ་བཅས།།