༢༠༡༧ ཟླ་ ༣ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ འཚོགས་ལ་ཉེ་བའི་སྐབས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་སྲུང་སྐྱོབ། ཞི་བའི་ཐོག་ནས་འདུ་འཛོམས་དང་ཚོགས་པ་འཛུགས་རྒྱུ། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ། ཆོད་དད་རང་དབང་སོགས་ཀྱི་གནད་དོན་ཐོག་རྟོག་ཞིབ་གནང་མཁན་རྒྱལ་སྤྱིའི་དམིགས་བསལ་ཚོགས་ཆུང་ཁག་གིས་ཐུན་མོང་ཐོག་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད། རྒྱ་ནག་གཞུང་ལ་བོད་ནང་གི་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཏོར་བཤིག་གཏོང་བཞིན་པའི་གནད་དོན་ཐོག་སྐྱོན་བརྗོད་དང་སྦྲགས། ལས་འགུལ་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག སྤྱིར་ཚོགས་ཆུང་ཁག་གི་སྙན་ཐོ་དེ་དག་སྔ་ལོའི་ཕྱི་ཟླ་ ༡༡ ནང་ཕྱོགས་སྒྲིག་གནང་ཟིན་ཡང་ད་བར་གསང་རྒྱ་བྱས་ནས་བཏོན་མེད།
དེ་ཡང་སྙན་ཐོའི་ནང་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ཁུལ་ནང་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་སོགས་ནང་གྲྭ་བཙུན་མང་པོ་དགོན་པ་ནས་ཕྱིར་འབུད་བཏང་བ་དང་གྲྭ་ཤག་ཧ་ཅང་མང་པོ་གཏོར་བཤིག་བཏང་བ། དེ་བཞིན་བོད་མི་ཚོས་ཧ་ཅང་རྩ་ཆེ་བའི་གནས་རིར་ངོས་འཛིན་ཞུ་བཞིན་པའི་གོང་སྔོན་བླ་རིར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་དེས་ཁོར་ཡུག་སོགས་ལ་གནོད་འཚེ་ཇི་ཙམ་གཏོང་བཞིན་ཡོད་པ་རྣམས་ཞིབ་ཕྲ་འཁོད་པ་མ་ཟད། གཏེར་ལས་ཀྱི་ལས་གཞིར་ས་གནས་བོད་མི་རྣམས་ཀྱིས་ཞི་བའི་ཐོག་ནས་ངོ་རྒོལ་བྱེད་སྐབས་རྒྱ་ནག་གཞུང་གིས་དྲག་པོའི་ཐོག་ནས་བོད་མི་ཞི་རྒོལ་བ་རྣམས་ཀྱི་ཐོག་ཉེས་བརྡུང་དང་འཛིན་བཟུང་བཀག་ཉར་བྱས་པ་སོགས་འཁོད་འདུག
གཞན་ཡང་སྙན་ཐོ་དེ་དག་ནང་དུ་གསེར་རྟ་བླ་རུང་སྒར་ནི་རྒྱ་ནག་རྒྱལ་ནང་ཙམ་མ་ཟད། འཛམ་གླིང་ནང་ཧ་ཅང་གྲགས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བྱེད་སའི་བསྟི་གནས་ཁང་ཞིག་ཡིན་པ་དང་། བསྟི་གནས་ཁང་དེ་ནི་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་སོགས་སྲུང་སྐྱོབ་ཆེད་ཧ་ཅང་གལ་ཆེ་ཆགས་ཡོད་པ་དང་། ལྷག་པར་རྒྱ་ནག་སྐམ་ས་ནས་རྒྱ་རིགས་ནང་ཆོས་དོན་གཉེར་བ་ཧ་ཅང་མང་པོ་དང་། དེང་རབས་རྒྱ་ནག་ནང་པའི་མཁས་དབང་སོགས་ཀྱིས་དོ་སྣང་ཧ་ཅང་གནང་ཡུལ་ཞིག་ཡིན་སྐོར་སོགས་འཁོད་འདུག
ལྷག་པར་སྙན་ཐོའི་ནང་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་སོགས་ཀྱི་གནད་དོན་ཁག་བརྒྱད་ཐོག་དམིགས་བསལ་གསལ་ཁ་བཏོན་ནས་རྒྱ་ནག་གཞུང་གིས་ལན་འདེབས་གསལ་བཤད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
དེ་ཡང་སྙན་ཐོའི་དོན་ཚན་གཉིས་པའི་ནང་འཁོད་དོན་ལྟར་ན། རྒྱ་ནག་གཞུང་གིས་ས་གནས་བོད་མིའི་བླ་མ་སོགས་ལ་བཀའ་འདྲི་དང་བཀའ་མོལ་མ་ཞུས་པར་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་དགོས་པའི་རྒྱུ་མཚན་དང་། བླ་རུང་སྒར་ནང་དགེ་བཙུན་དང་། ནང་ཆོས་དོན་གཉེར་བ་སྐྱ་བོ་སོགས་ཁྱོན་ཞལ་གྲངས་ ༥༠༠༠ བརྒལ་མི་ཆོག་པའི་ཁྲིམས་བཟོ་དགོས་པའི་རྒྱུ་མཚན་ཇི་ཡིན་གསལ་བཤད་དགོས་པ་དང་། གསེར་རྟ་བླ་རུང་སྒར་སོགས་ནང་རྒྱ་ནག་གཞུང་གི་ལས་བྱེད་པ་ཚོས་ཆོས་བྱེད་དགེ་འདུན་གྱི་སྡེའི་ལས་དོན་ཐོག་ཐེ་བྱུས་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་གསལ་བཤད་དགོས་པ་འཁོད་འདུག
དོན་ཚན་བཞི་པའི་ནང་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ནས་ཕྱིར་འབུད་བཏང་ཟིན་པའི་དགེ་བཙུན་རྣམས་ལ་སྡོད་ཁང་གསར་རྒྱག་དང་གུན་གསབ་ཀྱི་ཐོབ་ཐང་ཇི་ཡོད་ཀྱི་གསལ་བཤད་དགོས་པ་དང་། དོན་ཚན་ལྔ་པའི་ནང་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་གཏོར་བཤིག་མ་བཏང་གོང་ཐབས་ལམ་གཞན་ཐོག་བསམ་བློ་བཏང་ཡོད་མེད་གསལ་བཤད་དགོས། གལ་ཏེ་ཡོད་ན་ཐབས་ལམ་དེ་གང་ཡིན་གསལ་བཤད་དགོས། ཐབས་ལམ་གཞན་དེ་ལག་བསྟར་མ་བྱེད་པར་གཏོར་བཤིག་གཏོང་རྒྱུའི་ཐབས་ལམ་ཁོ་ནར་ཐག་གཅོད་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་གསལ་བཤད་དགོས། ཞེས་འཁོད།
དོན་ཚན་དྲུག་པའི་ནང་གསེར་རྟ་བླ་རུང་སྒར་སོགས་གཏོར་བཤིག་མ་བཏང་གོང་ཁྲིམས་ཁང་གི་བཀའ་རྒྱ་བཏང་ཡོད་མེད། གལ་ཏེ་ཡོད་ཚེ་དགོན་པའི་འབྲེལ་ཡོད་གྲྭ་བཙུན་རྣམས་ལ་བཀའ་རྒྱའི་འདྲ་བཤུས་ཁག་སྔོན་ཚུད་ནས་སྤྲད་ཡོད་མེད་དང་། ཞུ་གཏུག་ལས་འགུལ་སྤེལ་རྒྱུའི་གོ་སྐབས་སྤྲད་ཡོད་མེད། ཞུ་གཏུག་ལས་འགུལ་སྤེལ་རྒྱུའི་ཆ་རྐྱེན་ཡོད་མེད། ཡོད་ན་གང་ཡོད་པ་རྣམས་གསལ་བཤད་དགོས། ཞེས་འཁོད།
དོན་ཚན་བདུན་པའི་ནང་ཨ་མཆོག་གྲོང་ཁྱེར་ནང་གཏེར་ལས་ཀྱི་ལས་གཞི་དེས་ཁོར་ཡུག་ལ་གནོད་འཚེ་མི་ཡོང་བའི་ཐབས་ལམ་ཇི་འདྲ་ཞིག་ལག་བསྟར་བྱེད་མིན་དང་། ཐབས་ལམ་དེ་དག་རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་ཆ་རྐྱེན་དང་ཇི་ལྟར་མཐུན་མིན་ཐད་གསལ་བཤད་དགོས། ཞེས་སོགས་འཁོད་འདུག
སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་སུད་སི་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་གྲོང་ཁྱེར་ཇི་ནི་ཝའི་ནང་། བོད་མིར་གདུང་སེམས་མཉམ་སྐྱེའི་ལས་འགུལ་གོ་སྒྲིག་གནང་སྐབས། བླ་རུང་སྒར་སྲུང་སྐྱོབ་དགོས་པ་དང་། བོད་མིའི་ཆོས་དད་རང་དབང་ལ་སྲུང་སྐྱོབ་དགོས་པའི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་ཡོད། སྐབས་དེར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་ལས་འགུལ་ཐོག་གསུང་བཤད་གནང་འདུག
ཕྱོགས་མཚུངས་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་སྤྱི་ཐུན་མོང་གིས་གསར་འགོད་ལྷན་ཚོགས་ཐོག་འབོད་སྐུལ་གནང་བ་མ་ཟད། དེ་རྗེས་སུད་སི་སྐུ་ཚབ་དོན་ཁང་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཀྱང་ཞུ་གཏུག་གི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་བཅས།།