༢༠༡༧ ཟླ་ ༢ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ མ་འཚོགས་སྔོན་གྱི་བདུན་ཕྲག་གཅིག་ཙམ་གོང་སྟེ། ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༡ ཉིན་རྒྱལ་ཚོགས་ཀྱི་ཁེ་ན་ཌའི་གཏན་འཇག་ལས་ཁུངས་ཀྱི་ཚོགས་ཁང་ནང་དུ། ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཐེངས་ ༩ པའི་ 9th Geneva Summit for Human Rights and Democracy ཐོག་ཞིང་གཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་རིན་པོ་ཆེ་ཁོང་གློ་བུར་དུ་རྒྱའི་བཙོན་ཁང་ནང་འདས་གྲོངས་སུ་གྱུར་བའི་གནས་སྟངས་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲང་བདེན་ཐོག་ནས་རྟོག་ཞིབ་གནང་དགོས་པའི་རེས་འདུན་ཤུགས་ཆེ་བཏོན་འདུག
རྒྱལ་ཚོགས་ཀྱི་གཞུང་ཚབ་པ་སོགས་ཀྱིས་གཙོས་ཁྱོན་གནད་ཡོད་མི་སྣ་ ༣༠༠ བརྒལ་བའི་ཁྲོད་ཉི་མ་ལྷ་མོ་ལགས་ཀྱིས་རིན་པོ་ཆེ་དམ་པ་ཁོང་ནི་༸གོང་ས་མཆོག་ལ་དད་གུས་ཧ་ཅང་ཞུ་མཁན་ཞིག་དང་བོད་ནང་དུ་རྒས་གསོ་ཁང་དང་སློབ་གྲྭ་བཙུགས་པ་མ་ཟད། དགོན་པ་གསར་རྒྱག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ། དེ་བཞིན་བོད་མིའི་འཕྲོད་བསྟེན་སོགས་ལ་དོ་ཁུར་ཧ་ཅང་ཆེན་པོའི་ཐོག་ནས་ལས་འགུལ་སྣ་མང་སྤེལ་མཁན་ཞིག་ཡིན་བཞིན་པའི་སྐབས་དེར། རྒྱ་ནག་གཞུང་གིས་ཁོང་ལ་འབར་རྫས་གས་གཏོར་བྱས་པའི་མ་ཉེས་ཁ་ཡོག་འོག་བཙོན་དུ་བཅུག་མཐར་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་རྐྱེན་རིན་པོ་ཆེ་མཆོག་གི་སྐུ་གཟུགས་གནས་སྟངས་ཞན་པོ་བཟོས་པ་མ་ཟད། མཐར་རྒྱ་ནག་གཞུང་གིས་གློ་བུར་དུ་ཁོང་བཙོན་ཁང་དུ་འདས་གྲོངས་ཕྱིན་སོང་ཟེར་བའི་བརྡ་ལན་ཞིག་ནང་མིར་སྤྲད་པ་ལས་ཁོང་སྐུ་གྲོངས་རྐྱེན་ངོ་མ་གང་ཡིན་དང་། ཁོང་གི་སྐུ་ཕུང་ལྟ་ཞོག་སྤུར་ཐལ་ཡིན་ཟེར་བའི་ཐལ་བ་ཙམ་ལས་གཞན་ཁོང་ལ་འདས་མཆོད་རིགས་གང་ཡང་བྱེད་མ་བཅུག་པ་སོགས་ལ་བརྟེན་ནས།
ཐེངས་འདིར་ཁོ་མོས་རང་ཉིད་ཕྲུ་གུ་ལོ་ན་ ༦ ལ་སོན་པ་ཞིག་དང་མ་རྒན་བཅས་བློས་གཏོང་གནང་ནས་བཙན་བྱོལ་ནང་བྲོས་བྱོལ་དུ་ཡོང་བ་དང་། བཙན་བྱོལ་དུ་ཡོང་དགོས་པའི་དགོས་འདུན་གཙོ་བོ་ནི། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་རྒྱལ་སྤྱིའི་དྲང་བདེན་གྱི་རྒྱབ་སྐྱོར་ཐོབ་ཐབས་ཆད་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་དང་། དངོས་ཡོད་གནས་ཚུལ་རྣམས་དྲང་བདེན་གྱི་ལམ་ནས་གསལ་བཤད་ཞུ་ཆེད་ལྷན་ཚོགས་སུ་བཅར་ཡོད་སྐོར།
དེ་བཞིན་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཡང་ཕྱིའི་གནོན་ཤུགས་མ་འཐེབ་མཁན་ཞིག་མེད་སྟབས། རྒྱལ་སྤྱིའི་དོ་སྣང་དང་གནོན་ཤུགས་ཁོ་ནས་རྒྱ་ནག་གིས་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པ་དེ་དག་འགན་ལེན་མ་བྱེད་ཐབས་མེད་བཟོ་ཐུབ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲང་བདེན་མིན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་འཕྲལ་མར་མཚམས་འཇོག་ཡོང་བ་ཞིག་བཟོ་ཐུབ་རྒྱུ་ཡིན་སྐོར་སོགས་གསལ་བཤད་ཞུས་འདུག་པ་མ་ཟད། རིན་པོ་ཆེ་མཆོག་བཙོན་དུ་ཡོད་སྐབས་སྲོག་ཆགས་འབུ་སྲིན་ཚུན་ཆད་ལ་གནོད་འཚེ་སྤོང་དགོས་པའི་ལམ་སྟོན་གྱི་ཡིག་ཆུང་དེ་འདྲ་བཙོན་ཁང་ནས་ཕྱིར་ནང་མི་དང་དགེ་ཕྲུག་སོགས་ལ་བཀུར་གནང་ཡོད་སྐོར་སོགས་གསལ་བཤད་ཞིབ་ཕྲ་གནང་འདུག
དེ་ཡང་ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་ཀྱི་ལྷན་ཚོགས། ཞེས་པ་དེ་འཛམ་གླིང་ཁྱོན་དུ་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ ༢༥ མཉམ་རུབ་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། དེ་སྔའི་ལྷན་ཚོགས་དེར་རྒྱལ་སྤྱིའི་ཁྱོན་ནས་བསྔགས་བརྗོད་དང་འདེང་འཇོག་ཆེན་པོ་ཐོབ་འདུག ཐེངས་འདིར་ལྷན་ཚོགས་སྐབས་ཁུ་བྷ་ Cuba དང་བྱང་ཀོ་རི་ཡ། North Korea ཨི་རན། Iran ཨུ་རུ་སུ། Russia ཝི་ཏི་ནམ་ Vietnam བཅས་ནས་ཞུ་གཏུག་གནང་མཁན་ཕེབས་ཡོད་པ་དང་། དེ་ཡང་ལྷན་ཚོགས་དེའི་སྐོར་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འཛིན་སྐྱོང་ཚོགས་གཙོ་སྐུ་ཞབས་ཧི་ལེལ་ནུ་ཝེར་ Mr. Hillel Neuer མཆོག་གིས་གསུང་དོན།
ལྷན་ཚོགས་འདིར་འཛམ་གླིང་ས་ཕྱོགས་གང་ས་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་ཆེད་བྱས་རྗེས་ཧ་ཅང་ཆེན་པོ་འཇོག་མཁན་གྱི་དཔའ་བོ་དཔའ་མོ་དེ་འདྲ་མང་པོས་མཉམ་ཞུགས་གནང་མྱོང་ཡོད། ཅེས་གསུངས།
ཉི་མ་ལྷ་མོ་ལགས་ཀྱིས་ཐེངས་འདིར་ལྷན་ཚོགས་སྐབས་གསུང་བཤད་གནང་མཐར་འབོད་སྐུལ་ཞུ་དོན། མཐའ་མ་དེར་ངས་ཞུ་འདོད་པ་ནི། བོད་ཀྱི་གནད་དོན་དེ་ཞི་བའི་ལམ་ནས་གསལ་ཐུབ་པ་བྱུང་ན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་ལ་འདེང་འཇོག་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་ངར་ཡིད་ཆེས་གཙང་མ་ཡོད། ཅེས་གསུངས།