ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉི་ཧོང་གི་རྒྱལ་པོ་ ༡༢༢ མེ་ཇི་ Meiji ཞེས་པའི་དྲན་རྟེན་དུ་བཞེངས་པའི་ Shinto ཆོས་བརྒྱུད་ཀྱི་ལྷ་ཁང་དུ་གནས་གཟིགས་སུ་ཕེབས་འདུག
དེ་ཡང་སྲིད་སྐྱོང་མཆོག་ལ་དགོན་པའི་མཆོད་དཔོན་ནཱ་ཇི་མ་ཤོ་ཏཱ་རོ་ Najima Shotaro མཆོག་གིས་དབུས་པའི་དགེ་འདུན་པ་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ནས་སྲིད་སྐྱོང་མཆོག་མཆོད་འབུལ་སྨོན་ལམ་གྱི་མཛད་སྒོའི་ཐོག་ལྷན་ཞུགས་གནང་རྗེས་མཆོད་དཔོན་མཆོག་གིས་དགོན་པའི་ལོ་རྒྱུས་སོགས་འགྲེལ་བརྗོད་གནང་འདུག
ཉི་ཧོང་གི་རྒྱལ་པོ་མེ་ཇི་མཆོག་ནི་ཕྱི་ལོ་ ༡༩༡༢ དང་། རྒྱལ་མོ་ཤོ་ཀེན་ Shoken མཆོག་ནི་༡༩༡༤ ལོར་སྐུ་གྲོངས་རྗེས་མི་དམངས་ནས་ཁོང་རྣམ་གཉིས་ལ་རྗེས་དྲན་གུས་བཀུར་ཞུས་ཆེད་དང་བླངས་ཐོག་ཉི་ཧོང་དང་ཕྱིའི་རྒྱལ་ཁབ་ཀྱི་ས་ཕྱོགས་གང་ས་ནས་ཤིང་སྣ་ཆིག་འབུམ་ཙམ་ཞལ་འདེབས་ཕུལ་ཡོད་པ་དེ་དག་དྲན་རྟེན་ལྷ་ཁང་དུ་འདེབས་འཛུགས་གནང་ཡོད།སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱང་ལྷན་བཅར་ཞུས་འདུག
དེ་ནས་སྲིད་སྐྱོང་མཆོག་ཨོ་ས་ཀར་ཕེབས་ཐོན་གྱིས་ཁ་བའི་འོག་གི་མེ་ལྕེ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་ས་གནས་སུ་མང་ཚོགས་ལ་གསུང་བཤད་དང་། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་སྐུ་དུས་སུ་བོད་དང་འབྲེལ་བ་ཡོད་པའི་ Nishi Hoganji ནང་པའི་དགོན་པར་ཡང་གནས་གཟིགས་སུ་ཕེབས་ཡོད་པ་བཅས།།