ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༩ ཉིན་ལྷོ་ཨ་ཕི་རི་ཀའི་ཨིན་ཁ་ཏ་རང་དབང་ Inkhata Freedom Party ཚོགས་པས་མགྲོན་འབོད་ལྟར། ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ The State of Nation Address ཞེས་ཡུལ་དེའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ལོ་འཁོར་སྲིད་འཛིན་གསུང་བཤད་ཀྱི་མཛད་སྒོའི་ཐོག་མཉམ་བཞུགས་གནང་འདུག
དེ་ཡང་མཛད་སྒོ་དེ་ནི་ལོ་རེ་ཐེངས་རེར་རྒྱལ་ཡོངས་གྲོས་ཚོགས་དངོས་སུ་དབུ་འཛུགས་མ་གནང་གོང་སྲིད་འཛིན་མཆོག་གིས་གྲོས་ཚོགས་སུ་རྒྱལ་ཁབ་ཀྱི་གནས་བབས་སྐོར་གསུང་བཤད་གནང་སྲོལ་ཡོད་པ་དང་། སྐབས་དེར་སྲིད་འཛིན་ཟུར་པ་རྣམ་པ་དང་། ཁྲིམས་དཔོན་གྱི་དབུས་ཁྲིམས་དཔོན་རྣམ་པ། དེ་བཞིན་ཡུལ་དེར་རྟེན་གཞི་བྱས་པའི་རྒྱལ་ཁབ་གཞན་གྱི་གཞུང་ཚབ་དང་སྐུ་ཚབ་མི་སྣ་སོགས་ཆབ་སྲིད་མི་སྣ་དང་གཞུང་འབྲེལ་མི་སྣ་མང་པོ་མཉམ་བཞུགས་གནང་གི་ཡོད་པ་བཞིན། ཨིན་ཁ་ཏ་རང་དབང་ཚོགས་པའི་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དང་། ཛུ་ལུ་ལེན་ཌི་ Zululand ཞེས་ཡུལ་དེའི་རྫོང་གི་སྤྱི་ཁྱབ་པ་དང་། ཐེ་ཝན་གྱི་སྐུ་ཚབ། གཞན་ཡང་ Konrad Adenauer Stiftung ཞེས་ཇར་མ་ནིའི་ཆབ་སྲིད་ཚོགས་པའི་ཐེབས་རྩའི་སྐུ་ཚབ་སོགས་ཕེབས་གནང་འདུག ཨིན་ཁ་ཏ་རང་དབང་ཚོགས་པའི་འཐུས་མི་སྐུ་ཞབས་བྷུ་ཐེ་ལེ་ཛི་ Buthelezi མཆོག་གིས་དབུས་འཐུས་མི་རྣམ་པས་སྐུ་མགྲོན་ཁོང་རྣམ་པར་ཕེབས་བསུ་ཞུས་འདུག
ལྷོ་ཨ་ཕི་རི་ཁའི་ཀེབ་ཊ་ཨོན་ Cape Town ནང་གི་མཛད་སྒོ་དེར་མཉམ་བཞུགས་དང་བསྟུན་སྐུ་ཚབ་དོན་གཅོད་ནས་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་མི་ཚོ་ཟུར་དུ་ཐུགས་འཕྲད་ཡང་གནང་སྟེ་ཕན་ཚུན་ངོ་སྤྲོད་དང་ལྷག་པར་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ལ་བོད་ནང་གི་ད་ལྟའི་ཆབ་སྲིད་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག་པ་བཅས།།