༢༠༡༧ ཟླ་ ༢ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་ཇི་ནི་ཝར་རྟེན་གཞི་བྱས་པའི་སུད་སི་སྐུ་ཚབ་དོན་ཁང་བཅས་ཀྱི་གོ་སྒྲིག་འོག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞིང་གཤེགས་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས། སུད་སི་སྐུ་ཚབ་དོན་ཁང་གི་ལས་བྱེད་ཟུང་དྲུང་ཟླ་བ་ཚུལ་ཁྲིམས་ལགས། ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་བསྐལ་ལྡན་མཚོ་མོ་ལགས་བཅས་ཀྱིས།
བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་ལ་དམིགས་ནས་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ཨེལ་སལ་ཝེ་ཌོར་ El Salvador ནས་ཡིན་པ་སྐུ་ཞབས་མ་ཛ་མར་ཏེ་ལི་ Maza Martelli མཆོག་དང་མཇལ་འཕྲད་གནང་བ་མ་ཟད། སྐབས་དེར་ཁོང་གིས་བོད་མིའི་སྐུ་ཚབ་རྣམས་ལ་རྒྱལ་སྤྱིའི་འབྲེལ་ཡོད་ལྷན་ཁང་གིས་འཛམ་གླིང་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ཆོད་སེམས་བརྟན་པོ་ཡོད་སྟབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞུ་གཏུག་གནང་མཁན་ཚོར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་བཅར་རྒྱུར་དུས་རྟག་ཏུ་སྒོ་ཕྱེ་ནས་ཡོད་སྐོར་གསུངས།
དེ་ཡང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། ཐེངས་འདིར་ཕྱི་དྲིལ་ལས་ཁུངས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ དམིགས་ནས་བདུན་ཕྲག་གཅིག་ཙམ་རིང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་འདི་ཧ་ཅང་གནད་འགག་ཆེན་པོ་གཅིག་ཆགས་ཡོད། གང་ཡིན་བརྗོད་ན། ཕྱོགས་གཅིག་ནས་བོད་ཀྱི་གནད་དོན་དེ་རྒྱལ་ཚོགས་ཀྱིས་གླེང་སློང་བྱ་རྒྱུའི་གྲོས་གཞིའི་ནང་གནས་ཐུབ་རྒྱུ་དང་། གཉིས་ནས་འདི་ཟླའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ འཚོགས་རྒྱུ་ཡིན་སྟབས་སྐབས་དེར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བགྲོ་གླེང་གནང་ཐུབ་པ་ཞིག་ཡོང་རྒྱུར་ཏན་ཏན་ཕན་ཐོགས་ཡོད། ལྷག་པར་འཆར་ལོའི་ཕྱི་ཟླ་ ༡༡ ནང་རྒྱལ་ཚོགས་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་བསྐྱར་ཞིབ་བྱ་རྒྱུའི་སྐབས་ ༣ པ་དེ་འཁེལ་བཞིན་ཡོད་པར་བརྟེན་ཞུ་གཏུག་ལས་འགུལ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས།
ཕྱོགས་མཚུངས་དྲིལ་བསྒྲགས་དྲུང་ཆེ་ཟླ་སྒྲོན་ཤར་གླིང་ལགས་ཀྱིས་གསུང་དོན། ཕྱི་དྲིལ་ལས་ཁུངས་ལ་ད་ཆ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཆ་རྐྱེན་འོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཁང་ཁག་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ལས་ཁུངས། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་ཞུ་གཏུག་སྤེལ་རྒྱུའི་ཐབས་ལམ་བཅས་བརྒྱུད་ནས་ཞུ་གཏུག་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་ཐོག་ལོ་ལྔའི་རིང་གི་འཆར་གཞི་ངེས་ཅན་ཞིག་གཏན་འབེབས་ཐུབ་པ་བྱུང་བ་མ་ཟད། ལྷག་པར་རྒྱ་ནག་རང་ཉིད་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་སྟབས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་འགན་འཁྲི་ཡོད་པ་དེ་གསལ་སྟོན་ཐུབ་པ་བྱུང་། ཞེས་གསུངས།།