༢༠༡༧ ཟླ་ ༢ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡ རེས་གཟའ་ལྷག་པའི་ཉིན་འདི་ལོའི་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་ཐེངས་དང་པོ་ལེགས་གྲུབ་བྱུང་འདུག དེ་ཡང་ལྷན་ཚོགས་སྐབས་གྲོས་ཚོགས་གོང་མའི་འཐུས་མི་ལྔ་ཆེད་ཕེབས་གནང་བ་མ་ཟད། ཕ་རན་སི་སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་ཕེབས་འདུག སྤྱིར་ལྷན་ཚོགས་དེ་ནི་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དོན་གཅོད་གསར་པར་བསྐོ་གཞག་བྱུང་རྗེས་ཕྱི་ལོ་ ༢༠༡༦ ཟླ་ ༩ ནང་ལྷན་ཚོགས་ཤིག་ཚོགས་ཡོད་པ་དེའི་མཇུག་སྐྱོང་ལྟ་བུ་ཡིན་འདུག
དེ་ཡང་ལྷན་ཚོགས་ཀྱི་དམིགས་ཡུལ་ནི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་སྒྲིག་འཛུགས་འདྲ་མིན་ཡོད་པ་རྣམས་ཀྱིས་ཕྱི་ནང་གང་སར་བོད་དོན་ལས་འགུལ་སྤེལ་སྐབས་ལས་དོན་ཚགས་ཚུད་དང་ལམ་ལྷོང་ལྡན། ནུས་པ་ལྡན་པའི་ཐོག་ནས་ཇི་ལྟར་སྤེལ་དགོས་མིན་ཐད་གོ་བསྡུར་གནང་བ་དང་། ལྷན་ཚོགས་སྐབས་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཁལ་རེ་སོན་མཆོག་ Michel Raison དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨན་དེ་རེ་གྷ་ཏོ་ལིན་ Andre Gattolin མཆོག གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨན་ནིག་བྷིལ་ལོན་ Annick Billon མཆོག གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨི་ལི་ཛེ་བྷེ་ཐི་ལ་མུར་ Elisabeth Lamure མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མེ་ཁལ་ཨ་མེལ་ Michel Amiel མཆོག་བཅས་ཕེབས་ཡོད།
སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ནས་ལྷག་བསམ་ཆེན་པོས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཡི་རངས་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། འབྱུང་འགྱུར་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་མུ་མཐུད་ཤུགས་ཆེ་སྤེལ་ཐབས་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག གཞན་ཡང་སྐུ་ཚབ་དོན་གཅོད་ནས་སྦར་སེལ་དོན་ཁང་གིས་ལས་དོན་ངོ་སྤྲོད་ཞུས་པ་དང་སྦྲགས་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཞུ་གཏུག་གི་ལས་འགུལ་ཇི་ལྟར་སྤེལ་བའི་རྒྱུད་རིམ་ཙམ་མ་ཟད། གསེར་རྟ་བླ་རུང་སྒར་གྱིས་གཙོས་བོད་དོན་ཐོག་རྒྱབ་སྐྱོར་གྱི་གྲོས་ཆོད་ཁག་གཅིག་བཞག་ཐུབ་པ་བྱུང་ཡོད་སྐོར་གསལ་བཤད་ཞུས་པ་དང་ལྷན་ཕ་རན་སིའི་གྲོས་ཚོགས་གོང་མའི་ནང་དུའང་དེ་མཚུངས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གཞག་ཐབས་གནང་རོགས། ཞེས་འབོད་སྐུལ་ཡང་ཞུས་འདུག
སྐབས་དེར་སྐུ་ཞབས་མེ་ཁལ་རེ་སོན་ Michel Raison མཆོག་གིས་སྦར་སེལ་སྐུ་ཚབ་དོན་གཅོད་ཕ་རན་སིའི་གྲོས་ཚོགས་གོང་མར་མགྲོན་འབོད་ལྟར་སླར་ཡང་ཕེབས་ཐུབ་པར་དགའ་བསུ་ཡོད་སྐོར་དང་། འདས་པའི་ཟླ་བ་གསུམ་རིང་ཁོང་གིས་གྲོས་ཚོགས་གོང་མའི་ནང་གསེར་རྟ་བླ་རུང་སྒར་གྱི་ཛ་དྲག་གནས་སྟངས་ཐོག་སེམས་འཚབ་ཀྱི་རྣམ་པ་བཏོན་པའི་བོད་དོན་ཐོག་དྲི་བ་ཁག་གཉིས་འཁོད་པའི་ཞུ་ཡིག་གཅིག་ཕུལ་བའི་སྐོར་གསུངས། ཕྱོགས་མཚུངས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨན་དེ་རེ་གྷ་ཏོ་ལིན་ Andre Gattolin མཆོག་གིས་སྐབས་དེར་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པར་དཀའ་ངལ་ཇི་ཙམ་འཕྲད་ཀྱང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་དང་། འཛམ་གླིང་ཡུལ་གྲུ་གཞན་གྱི་གྲོས་ཚོགས་འཐུས་མི་རྣམས་དང་མཉམ་རུབ་ཐོག་བོད་དོན་ལས་འགུལ་སྔར་ལས་ཤུགས་ཆེ་བ་དང་ནུས་པ་ཆེ་བ་ཞིག་ཇི་ལྟར་སྤེལ་དགོས་པའི་ཐབས་ལམ་ཐོག་བསམ་བློ་གཏོང་དགོས་པའི་ལམ་སྟོན་ཡང་གནང་།
རིང་མིན་ཕ་རན་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཞི་ལས་གྲུབ་པའི་ཚོགས་ཆུང་ཞིང་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་འདུག་པ་བཅས།།