༢༠༡༧ ཟླ་ ༢ ཚེས་ ༢ རེས་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ SARD འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས། བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་རྣམ་པ། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཐོག ཕྱི་དྲིལ་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཐོག་མར་ལས་རིམ་ངོ་སྤྲོད་གནང་བསྟུན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཏན་འབེབས་གནང་བའི་བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་སྦྲགས། སྲིད་བྱུས་གཏན་འབེབས་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་བའི་ནང་འཁོད་དོན།
བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས།
ཀ སྲིད་བྱུས་ཀྱི་ངོ་སྤྲོད།
༄༅། །བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བུད་མེད་ཀྱི་གནས་སྟངས་སྐོར་བཀའ་སློབ་བསྩལ་སྐབས། བུད་མེད་རྣམས་རང་བཞིན་གྱིས་བྱམས་སེམས་དང་སྙིང་རྗེ་ཆེ་བ། ཕྲུ་གུ་གསོ་སྐྱོང་བྱེད་རྒྱུའི་ནུས་སྟོབས་ཁྱད་པར་ཅན་ལྡན་པ་སོགས་ཀྱི་དངོས་ཡོད་རྒྱུ་མཚན་ལ་བརྟེན་ནས་འབྱུང་འགྱུར་མི་རབས་རྣམས་ལ་སློབ་གསོ་བཟང་པོ་སྤེལ་རྒྱུ་དང་། མིའི་སྤྱི་ཚོགས་འདི་བཞིན་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལམ་དུ་འཁྲིད་ཐུབ་པའི་སླད་དུ་བུད་མེད་རྣམས་ནས་ལས་རིགས་ཚང་མའི་ཐོག་འགན་ཁུར་མཉམ་ལེན་བྱེད་དགོས་པའི་བཀའ་སློབ་རིམ་པར་ཕེབས་ཡོད། དཔེར་ན་ཉེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ལུགས་ནང་པའི་བཙུན་མ་ཉི་ཤུ་ཐམ་པར་ལོ་རྒྱུས་རང་བཞིན་ལྡན་པའི་དགེ་བཤེས་མའི་མཚན་རྟགས་ཀྱི་ལག་འཁྱེར་བསྩལ་སྐབས། གཟུགས་པོའི་གྲུབ་ཆའི་སྟེང་ནས་བུད་མེད་རྣམས་བྱམས་བརྩེ་ཆེ་བ་ཡོད་པ་ཚན་རིག་གི་ཐོག་ནས་བཤད་ཡོད་པ་དང་། བུད་མེད་རྣམས་ནས་ཤེས་ཡོན་གྱི་ཐོག་ནས་འཛམ་གླིང་ཤར་ནུབ་ཡུལ་གྲུ་མང་པོའི་ནང་སྤྱི་ཚོགས་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་ལ་བརྟེན་ནས་རྒྱལ་ཁབ་མང་པོའི་འགོ་འཁྲིད་ནང་བུད་མེད་སླེབས་ཐུབ་པའི་སྐོར་སོགས་བཀའ་སློབ་ཕེབས་ཡོད། བོད་ཀྱི་བུད་མེད་རྣམས་ནས་ཀྱང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང། ལེགས་བྱང། སྐད་ཡིག ཡུལ་གོམས་གཤིས་ལུགས་བཅས་མི་ཉམས་རྒྱུན་འཛིན་བྱེད་རྒྱུར་ཞབས་འདེགས་ཞུས་དང་ཞུ་མུས་མ་ཟད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས༌ ༡༢ ཉིན་བོད་པའི་བུད་མེད་ཀྱིས་འགོ་འཁྲིད་དེ་རྒྱ་ནག་དམར་པོའི་གཞུང་གིས་བཙན་དབང་དང་གདུག་རྩུབ་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱེན་ལངས་བྱས་པས་མཚོན་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་བློས་བཏང་གིས་བྱས་རྗེས་ཆེན་པོ་བཞག་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་སྤྱི་ཚོགས་དེ་བཞིན་རིགས་རུས་དང་སེར་སྐྱ་ཕོ་མོ་དབྱེ་བ་མེད་པའི་མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་ཏུ་བསྒྱུར་རྒྱུའི་དགོངས་བཞེད་ཡོད་པ་ལྟར། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་མི་རིང་བར་བོད་མིའི་མང་གཙོའི་ལམ་སྲོལ་སྲོལ་གཏོད་མཛད་པ་དང་། ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་བཀའ་འཁྲོལ་གཏན་འབེབས་མཛད་ཅིང། ཕྱི་ལོ་ ༡༩༦༤ ལོར་སྤྱི་འཐུས་ཡོངས་ཁུངས་ཕོ་མོ་ཁྱད་མེད་ཐོག་བུད་མེད་ཆེད་སྤྱི་འཐུས་ཀྱི་ཞབས་སྟེགས་གཅིག་ཟུར་བཅད་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བཀའ་འཁྲོལ་བསྩལ་བ་ནས་བཟུང་སྤྱི་འཐུས་ཡོངས་ཁུངས་ཕོ་མོ་ཁྱད་མེད་ཐོག་ཆོལ་ཁ་རེར་སྤྱི་འཐུས་ཀྱི་ཞབས་སྟེགས་གཉིས་རེ་བུད་མེད་ཆེད་ཟུར་བཅད་གནང་ཡོད།
སྐབས་བཅུ་བཞི་པའི་བཀའ་ཤག་གིས་ས་གནས་འགོ་འཛིན་རྣམས་ཀྱི་བརྒྱ་ཆ་ ༣༣ བུད་མེད་བཀོད་སྒྲིག་བྱེད་རྒྱུའི་སྒྲིག་གཞི་གཏན་འབེབས་བྱས་ཡོད་པ་ལྟར་འབད་བརྩོན་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་མ་ལག་བཅས་པའི་ལས་བྱེད་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༤༥ བུད་མེད་དང་། ཤེས་རིག་དང་འཕྲོད་བསྟེན་ཁྱབ་ཁོངས་སོ་སོའི་ནང་ལས་བྱེད་ཀྱི་བརྒྱ་ཆ་ ༤༨ དང་ ༦༠ སོ་སོ་བུད་མེད་ཡིན། ཉེ་སྔོན་ལས་བྱེད་གསར་བསྡུ་བྱས་ཁོངས་བརྒྱ་ཆ་ལྔ་བཅུ་ལྷག་བུད་མེད་ཡིན། དེས་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲིམས་སྒྲིག་གང་དུ་ཡང་ཕོ་མོའི་དབྱེ་བ་མེད་པ་དང་། ལས་ཀའི་གོ་སྐབས་དང་གླ་ཕོགས་སོགས་ཀྱི་མཐུན་རྐྱེན་ཁག་ཀྱང་གཅིག་མཚུངས་འཐོབ་བཞིན་ཡོད། ལྷག་པར་གོང་དུ་བཤད་ཟིན་པའི་བུད་མེད་ཀྱི་དམིགས་བསལ་ཁྱད་ཆོས་ཁག་ལ་བརྟེན་ནས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ནང་སྔོན་འགྲོའི་དགེ་རྒན་དང་དགེ་རྒན་ལས་རོགས་རྣམས་བུད་མེད་བསྐོ་གཞག་གཙོ་འདོན་བྱ་དགོས་པའི་ཆ་རྐྱེན་བཞག་ཡོད་པ་མ་ཟད། སྔོན་འགྲོའི་དགེ་རྒན་རྣམས་ལ་ཕོགས་དང་མཐུན་རྐྱེན་གཞི་རིམ་གོང་མའི་དགེ་རྒན་དང་གཅིག་མཚུངས་སྤྲོད་དགོས་པའི་ཆ་རྐྱེན་བཞག་ཡོད་པ་ལྟར་ལག་བསྟར་བྱེད་མུས་ཡིན།
མདོར་ན། བཙན་བྱོལ་དུ་ཡོད་པའི་བོད་པའི་བུད་མེད་རྣམས་ད་ཡོད་བོད་མིའི་སྤྱི་ཚོགས་ཀྱི་ལས་རིགས་དང་ལས་གནས་འདྲ་མིན་ཐོག་གོམ་པ་མདུན་སྤོ་བྱེད་བཞིན་ཡོད་རུང་ད་དུང་ཡར་རྒྱས་གཏོང་དགོས་ཀྱི་གནས་སྟངས་གང་ཙམ་ཡོད་པ་དངོས་འབྲེལ་ཡིན་སྟབས། བུད་མེད་ནུས་ཤུགས་སྤེལ་བའི་སྲིད་བྱུས་སྔོན་ཡོད་ལ་དུས་བསྟུན་བསྐྱར་ཞིབ་གནང་འོས་གནང་སྟེ་བཀའ་ཤག་གིས་བོད་པའི་བུད་མེད་རྣམས་ནས་རྒྱལ་སྤྱི་དང་། ཁྱད་པར་བོད་མིའི་སྤྱི་ཚོགས་ནང་རང་གི་ནུས་སྟོབས་གང་ཐུབ་བཏོན་པའི་སྒོ་ནས་སྤྱི་སྒེར་གཉིས་ཀའི་བྱ་གཞག་ཐོག་ལག་རྗེས་གང་གསལ་འཇོག་ཐུབ་སླད། བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་འདི་གཏན་འབེབས་བྱས་པ་ཡིན།
ཁ སྲིད་བྱུས་ཀྱི་དམིགས་ཡུལ།
སྲིད་བྱུས་ཀྱི་དམིགས་ཡུལ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མིའི་ཆབ་སྲིད་ཐེ་བའི་སྤྱི་ཚོགས་ཀྱི་བྱ་གཞག་ཚང་མའི་ཐོག་བུད་མེད་ཀྱི་ནུས་པ་དང་འགན་འཁུར་མཉམ་སྤུངས་ཐུབ་པའི་ཁོར་ཡུག་བསྐྲུན་རྒྱུ་དེ་ཡིན།
ག སྲིད་བྱུས་ཀྱི་ནང་གསེས་དོན་ཚན་ཁག
༡༽ བུད་མེད་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་།
༡༌༡ རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དང་ལྡིངས་ཆ་ཁག་གི་ཐོག་བོད་ནང་གི་བུད་མེད་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་དང་གཏོང་མུས་ཀྱི་གནས་སྟངས་ངོ་སྤྲོད་བྱ་རྒྱུ།
༡་༢ བཙན་བྱོལ་དུ་ཡོད་པའི་བོད་པའི་བུད་མེད་རྣམས་ནས་བོད་ནང་གི་བུད་མེད་རྣམས་ཀྱི་མགྲིན་ཚབ་བྱས་ཏེ་ཁོང་ཚོའི་མངོན་འདོད་དང་གནས་སྟངས་ཁྱབ་སྤེལ་རྒྱ་གང་ཆེ་བྱ་རྒྱུ།
༡༌༣ གཞིས་བྱེས་གཉིས་ཀྱི་བུད་མེད་ཕན་ཚུན་དབར་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་བྱ་རྒྱུ།
༢༽ ཤེས་ཡོན།
༢་༡ བུད་མེད་ཚོར་ཤེས་ཡོན་གྱི་གོ་སྐབས་དང་མཐུན་རྐྱེན་ཇེ་བཟང་དུ་གཏོང་རྒྱུ།
༢༌༢ སློབ་གྲྭ་ཁག་གི་ནང་ཕོ་མོ་དབྱེར་མེད་ཀྱི་ལྟ་གྲུབ་གཞི་རྩར་བཟུང་བའི་སློབ་འཁྲིད་ཀྱི་ཁོར་ཡུག་བསྐྲུན་རྒྱུ།
༢༌༣ བུད་མེད་ཀྱི་མཚན་མཐོང་གོང་སྤེལ་དང་གདེང་སྤོབས་མཐོ་རུ་གཏོང་རྒྱུའི་ལས་གཞི་སྤེལ་རྒྱུ།
༢༌༤ བུད་མེད་རྣམས་ལ་ཆོས་ཕྱོགས་ཀྱི་སློབ་གཉེར་བྱེད་རྒྱུའི་གོ་སྐབས་འདྲ་མཉམ་བསྐྲུན་རྒྱུ།
༣༽ འཕྲོད་བསྟེན།
༣་༡ མ་དང་བྱིས་པའི་འཕྲོད་བསྟེན་ཐོག་དམིགས་བསལ་དོ་སྣང་དང་། ལྷག་པར་མ་དང་བྱིས་པའི་ལུས་སེམས་གཉིས་ཀ་བདེ་ཐང་ཡོང་ཆེད་མངལ་འཁོར་བ་ནས་ལོ་ལྔ་མ་ལོན་བར་གྱི་ཕྲུ་གུ་གསོ་སྐྱོང་བྱེད་ཕྱོགས་ཀྱི་སློབ་གསོ་དང་ལས་གཞི་སྤེལ་རྒྱུ།
༣༌༢ བུད་མེད་རྣམས་ལ་གནའ་དེང་ཟུང་འབྲེལ་གྱི་འཕྲོད་བསྟེན་མཐུན་རྐྱེན་དང་སློབ་གསོའི་ལས་གཞི་སྤེལ་རྒྱུ།
༣་༣ བུད་མེད་རྣམས་ལ་སོ་སོའི་ན་ཚོད་དང་མཐུན་པའི་འཕྲོད་བསྟེན་བྱེད་ཕྱོགས་སྐོར་སློབ་གསོ་བྱ་རྒྱུ།
༣་༤ བུད་མེད་དང་བྱིས་པའི་སེམས་ཁམས་ཀྱི་འཕྲོད་བསྟེན་དང་ཟས་བཅུད་ཀྱི་མཐུན་རྐྱེན་སྦྱོར་ཐབས་བྱ་རྒྱུ།
༤༽ དཔལ་འབྱོར།
༤་༡ བུད་མེད་ཚོང་ལས་གཉེར་མཁན་རྣམས་ལ་མཐུན་སྐྱོར་དང་ཟབ་སྦྱོང་སོགས་སྤྲོད་རྒྱུ།
༤་༢ བུད་མེད་རྣམས་ནས་སོ་སོའི་ལས་ཡུལ་དུ་ལས་ནུས་ལེགས་འདོན་ཐུབ་སླད་ལས་སྤྲོད་པས་བུ་བཅོལ་ཁང་གི་མཐུན་རྐྱེན་བསྐྲུན་དགོས་པའི་ལམ་སྟོན་བྱ་རྒྱུ།
༤༌༣ ཕྲུ་གུ་བཙས་སྐབས་ལས་ཡུལ་སོ་སོ་ནས་ཕ་མ་གཉིས་ཀར་གུང་སེང་དགོས་ངེས་སྤྲོད་རྒྱུ།
༤་༤ བུད་མེད་གང་མང་ཚོང་གི་ལས་རིགས་ཐོག་འགྲོ་རྒྱུར་སེམས་ཤུགས་སྤར་རྒྱུ།
༥༽ འཛིན་སྐྱོང་དང་། འགོ་འཁྲིད།
༥༌༡ གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགོ་འཁྲིད་ལས་གནས་ཐོག་བུད་མེད་གང་མང་སླེབས་ཐབས་བྱ་རྒྱུ།
༥༌༢ བུད་མེད་འགོ་འཁྲིད་སྐྱེད་སྲིང་ཐོག་འགོག་རྐྱེན་མི་ཡོང་ཆེད་སྤྱི་ཚོགས་ཀྱི་ལྟ་ཕྱོགས་ལ་འགྱུར་བ་གཏོང་ཐབས་བྱ་རྒྱུ།
༥༌༣ སྡེ་ཚན་ཚང་མའི་སྲིད་བྱུས་དང་ཐག་གཅོད་ཀྱི་ལས་དོན་བརྒྱུད་རིམ་ནང་བུད་མེད་རྣམས་འདྲ་མཉམ་ཐོག་མཉམ་ཞུགས་ཡོང་ཐབས་བྱ་རྒྱུ།
༥་༤ ལས་ཡུལ་ཚང་མའི་ནང་ལས་བྱེད་བསྐོ་གཞག་དང་དེ་འབྲེལ་སྲིད་བྱུས་རྣམས་ཕོ་མོ་དབྱེར་མེད་ཀྱི་བསམ་ཚོར་དང་མཐུན་པ་བཟོ་ཐབས་བྱ་རྒྱུ།
༦༽ སྤྱི་ཚོགས།
༦༌༡ ཕོ་མོ་འདྲ་མཉམ་དང་བུད་མེད་ནུས་སྟོབས་སྤེལ་རྒྱུའི་ཐོག་ལས་ཀ་བྱེད་མཁན་གྱི་གཞི་རིམ་ཚོགས་སྡེ་ཁག་གི་ནུས་སྟོབས་སྤེལ་ཐབས་བྱ་རྒྱུ།
༦༌༢ སྤྱི་ཚོགས་ཡར་རྒྱས་ཐོག་བུད་མེད་ཀྱིས་དམིགས་བསལ་ཞབས་འདེགས་བསྒྲུབ་ཐུབ་པའི་སྐོར་གོ་རྟོགས་སྤེལ་བའི་སྒོ་ནས་བུད་མེད་ཐོག་སྤྱི་ཚོགས་ཀྱི་ལྟ་སྟངས་ལ་འགྱུར་བ་གཏོང་རྒྱུ།
༦་༣ བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དང་། ཕོ་མོ་དབྱེ་འབྱེད་ཀྱི་གནས་ཚུལ་འགོག་རྒྱུའི་ཐོག་སྐྱེས་པ་ཚོས་མཉམ་རུབ་དགོས་པའི་སློབ་གསོ་སྤྲོད་རྒྱུ།
༦༌༤ ཕྲུ་གུ་གསོ་སྐྱོང་བྱེད་པའི་ཨ་མ་ཁེར་རྐྱང་དང་། བུད་མེད་རྒས་གཅོང་སོགས་དཀའ་ངལ་ཅན་གྱི་བུད་མེད་རྣམས་ལ་དམིགས་བསལ་མཐུན་རྐྱེན་སྦྱོར་ཐབས་བྱ་རྒྱུ།
༧༽ བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས།
༧༌༡ བུད་མེད་ཐོག་བཙན་དབང་དང་རྩུབ་སྤྱོད་ཀྱི་གནས་ཚུལ་བྱུང་རིགས་ལ་བཟོད་སྲན་རྩ་བ་ནས་མི་བྱེད་པའི་སྲིད་བྱུས་འཛིན་རྒྱུ།
༧་༢ སློབ་གྲྭ་དང་། གཞིས་ཆགས། ལས་ཡུལ། ཁྱིམ་ཚང་བཅས་པར་བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་གི་གོ་རྟོགས་རྒྱ་གང་ཆེ་སྤེལ་རྒྱུ།
༧༌༣ བུད་མེད་ཐོག་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས་སུ་སྤྱི་ཚོགས་སེམས་ཚོར་ལྡན་པ་བཟོ་རྒྱུ།
༧་༤ ཕོ་མོ་དབྱེ་འབྱེད་དང་བུད་མེད་ལ་རྩུབ་སྤྱོད་སོགས་བྱུང་སྐབས་དཀའ་ངལ་སེལ་ཐབས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༠༢ ལ།། །།