༢༠༡༧ ཟླ་ ༡ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༠ ཉིན་སྐུ་ཞབས་ཌོ་ནལ་ཊམ་ Donald Trump མཆོག་གིས་ཨ་རིའི་སྲིད་འཛིན་ ༤༥ པའི་ལས་ཁུར་དམ་འབུལ་ཞུས་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་ལ་འཚམསའཕྲིན་ཞིག་ཕུལ་བའི་ནང་འཁོད་དོན།
རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་། འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་བོད་མིའི་འཐབ་རྩོད་ལ་ཨ་རིའི་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་པ་མ་ཟད། བོད་མི་རྣམས་ཀྱིས་སོ་སོའི་ཐུན་མིན་ངོ་བོ་སྲུང་སྐྱོབ་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་གནང་སླད། ཨ་རིའི་གྲོས་ཚོགས་ནས། བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཕྱི་ལོ་ ༢༠༠༢ ཞེས་ Tibetan Policy Act, 2002 པའི་གྲོས་ཆོད་བཞག་གནང་ཡོད།
ལྷག་པར་ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་རྟགས་མ་ US Congressional Gold Medal འབུལ་ལམ་ཞུས་ཡོད། དེ་ནི་གཙོ་བོ་༸གོང་ས་མཆོག་གིས་འཛམ་གླིང་ཁྱོན་དུ་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཐུགས་ཁུར་ཧ་ཅང་མཛད་བཞིན་པ་དང་། དེ་བཞིན་རྒྱ་ནག་གི་འགོ་ཁྲིད་དང་ལྷན་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཐབས་མཛད་བཞིན་པའི་མཛད་རྗེས་ལ་ངོས་འཛིན་ཞུས་པ་ཞིག་ཆགས་ཡོད།
འདས་པའི་ལོ་ངོ་ ༦༦ རིང་ནས་རྒྱ་ནག་གཞུང་གིས་བོད་ནང་བཅིངས་བཀྲོལ་དང་འཛུགས་སྐྲུན་ཡར་རྒྱས་ཧ་ཅང་བཏང་ཡོད་སྐོར་ཁ་ཕོ་ཆེ་བའི་གཏམ་བསྒྲགས་ཡོད་ཀྱང་། དོན་དངོས་ཐོག་བོད་མིའི་ཆབ་སྲིད་ཀྱི་རང་དབང་ཐོག་དམ་བསྒྲགས་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་ཡོད། དེར་བརྟེན་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་ནང་གི་བོད་མི་ ༡༤༥ ནས་རྒྱ་ནག་གཞུང་གི་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་དང་། བོད་ནང་རང་དབང་སླར་གསོ་དགོས་པ་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་སོགས་དགོས་འདུན་འདོན་བཞིན་དུ་རང་ལུས་མེར་སྲེག་བཏང་ཡོད།
ཨ་རིའི་སྲིད་འཛིན་རིམ་བྱོན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་དེ་དག་སྐབས་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་དགོས་འདུན་ཡང་བཏོན་ཡོད། དེར་བརྟེན་སྐུ་ཉིད་མཆོག་ནས་ཀྱང་སྲིད་འཛིན་གྱི་ལས་ཡུན་རིང་དེ་སྔའི་ལམ་སྲོལ་ལྟར་མུ་མཐུད་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱབ་སྐྱོར་ཤུགས་ཆེ་རུང་གཏོང་ཐབས་གནང་རོགས། ཞེས་འཁོད་འདུག
འཚམས་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པ་ནས་ཕབ་སྒྱུར་ཞུས་པས་དེར་རྩ་འཛིན་ཡོང་བ་ཞུ།