༢༠༡༧ ཟླ་ ༡ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༧ ཉིན་རྒྱ་གར་གྱི་གསར་ཤོག་ཧིན་དུ་ The Hindu ཞེས་པའི་རྩོམ་སྒྲིག་ལས་རོགས་ཨ་ཏུལ་ཨ་ནེ་ཇ་ Atul Aneja ཟེར་བས། བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་དེར་ཊམ་གྱིས་འགྱུར་བ་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་དམ། ‘Is Trump preparing to change the script on Tibet?’ ཞེས་པའི་འགོ་བརྗོད་འཁོད་པའི་རྩོམ་ཡིག་གཅིག་སྤེལ་བའི་ནང་དུ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྲིད་འཛིན་གསར་པ་མཆོག་དང་མགྱོགས་མྱུར་མཇལ་འཕྲད་ཞུ་རྒྱུའི་རེ་འདུན་མཛད་ཡོད་ཀྱང་། སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་དེར་ངོས་ལེན་མ་གནང་བ་རེད། ཅེས་ཨ་རིའི་སྲིད་འཛིན་གསར་པའི་སྲིད་གཞུང་གི་སློབ་སྟོན་པ་བགྲེས་པ་སྐུ་ཞབས་མེ་ཁལ་པིལ་སི་བྷུ་རི་ Michael Pillsbury མཆོག་ཉེ་ལམ་རྒྱ་ནག་ཏུ་འཚམས་གཟིགས་སྐབས་གསུངས་ཡོད་ཚུལ་བཀོད་ཡོད། འོན་ཀྱང་གནས་ཚུལ་དེ་ཐོན་ནས་ཆུ་ཚོད་ཁ་ཤས་ལས་མ་སོང་བར་སྐུ་ཞབས་མེ་ཁལ་པིལ་སི་བྷུ་རི་མཆོག་གིས་ཊུ་ཝི་ཊར་ Twitter བརྒྱུད་རྩོམ་སྒྲིག་ལས་རོགས་ཨ་ཏུལ་ཨ་ནེ་ཇ་ Atul Aneja ལ་གནས་ཚུལ་དེ་དྲང་བདེན་རྩ་བ་ནས་མིན་སྟབས། རྩོམ་ཡིག་དེ་འཕྲལ་མར་ཕྱིར་བསྡུ་བྱེད་དགོས་པའི་བཀོད་མངགས་གནང་བ་དང་སྦྲགས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྲིད་འཛིན་གསར་པ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་རེ་འདུན་བཏོན་གནང་མཛད་པ་དེར་སྐུ་ཞབས་ཊམ་མཆོག་གིས་བརྩི་མེད་བཏང་བ་དེ་འདྲ་བྱུང་མེད། ཅེས་གསལ་བཤད་གནང་བ་མ་ཟད། ཁོང་སྒེར་ལ་མཚོན་ན་ཊམ་དང་༸གོང་ས་མཆོག་མཇལ་འཕྲད་མཛད་རྒྱུར་རྒྱབ་སྐྱོར་ཡོད་སྐོར་གསལ་བཤད་གནང་འདུག