ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་སྒྲུབ་བཞག་སྔོན་དུ་མཛད་གྲུབ་མཚམས་ཆུ་ཚོད་ ༡༡།༣༠ ཡོལ་ཙམ་ཐོག་བཞུགས་གནས་གཟིམ་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སོགས་ཀྱིས་སྤོས་སྣེས་སྔུན་བསུས་ཏེ་དུས་དབང་གསུང་རའི་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན། རྒྱ་གར་སློབ་ཕྲུག་ཁག་གཅིག་གིས་ལེགས་སྦྱར་གྱི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་བསྟུན། སི་པེན་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་བ་ཞེས། རྩ་བ་ཤེས་རབ་ནང་རབ་བྱེད་ཉེར་བདུན་པའི་མཇུག་དེར་གསུང་པའི་དོན་དག་ནི། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། ཞེས་འཛམ་གླིང་འདིའི་སྟེང་སྟོན་པ་མང་པོ་ཡོད་པ་ཚང་མས་སྐྱེ་འགྲོ་སེམས་ཅན་ལ་ཕན་བདེ་བསྒྲུབ་རྒྱུའི་དོན་དུ་གསུངས་པ་གཅིག་པ་རེད་འདུག ཇི་སི་སི་ཁ་རེ་སི་དང་། མོ་ཧ་མ་དི། དེ་དང་དེ་འདྲ་བའི་རྒྱ་གར་གྱི་ཆོས་བརྒྱུད་མི་འདྲ་བ་ཡོད་པའི་ཐོག་མའི་སྟོན་པས་མིར་ཕན་པ་ཡོང་རྒྱུར་གསུངས་པ་གཅིག་པ་རེད། སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་དེ་ཡང་འཛམ་གླིང་འདིའི་སྟེང་ཡོད་པའི་ཆོས་བརྒྱུད་མང་པོ་ཞིག་ཡོད་པའི་ཁོངས་གཅིག་ཆགས་ཡོད། ཁྱད་པར་དེ་ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གདུལ་བྱའི་སྡུག་བསྔལ་སེལ་ཕྱིར་སྡུག་བསྔལ་གྱི་རྒྱུ་དེར་ཞིབ་འཇུག་བྱས་ཏེ། སྡུག་བསྔལ་གྱི་རྒྱུ་གཞན་ལ་གནོད་པ་དང་འཚེ་བ་བྱེད་རྒྱུ་དེ་དག་ཆོས་ལུགས་ཚང་མས་བྱེད་རྒྱུ་མེད་ཅེས་གསུང་བཞིན་ཡོད།
དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཀྱིས་འཛམ་གླིང་འདིའི་སྟེང་གི་མི་ཡོངས་རྫོགས་དཀོན་མཆོག་གི་སྲས་ལྟ་བུ་རེད་ཅེས་བརྗོད་བཞིན་ཡོད། དེ་ལྟ་བུའི་ལྟ་གྲུབ་ཀྱི་ཐོག་ནས་བྱམས་བརྩེ་དང་། བཟོད་པ། ཆོག་ཤེས་དགོས་རྒྱུ་ཞེས་པ་དེ་གནད་འགག་ཆེན་པོ་རེད་འདུག ང་ཚོ་མིའི་སྤྱི་ཚོགས་ནང་ཚང་མ་རུབ་རུབ་བྱས་ཏེ་འཚོ་བཞིན་བཟའ་རྒྱག་སྤྱོད་གསུམ་བྱས་ན་མ་བདེ་བ་ཞིག་འདུག དབུལ་ཕོངས་མང་པོ་ཞིག་ཕར་ཙམ་དེར་ཡོད་བཞིན་དུ་སོ་སོས་བཟའ་རྒྱག་སྤྱོད་གསུམ་བྱས་ནས་བསྡད་ན་ཡ་རབས་ཀྱི་ཐོག་ནས་ཕྲན་བུ་མི་བདེ་བ་ལྟ་བུ་འདུག སྲང་ལམ་དབུལ་ཕོངས་ལྟོགས་ཏེ་སྟེ་ཤི་གྲབས་བྱེད་བཞིན་པའི་འཁྲིས་སུ་སོ་སོས་ཁ་ལག་རྒྱས་སྤྲོད་བཟས་ཚེ་ཕྲན་བུ་མི་བདེ་བ་ཡོང་བཞིན་ཡོད། འཛམ་གླིང་འདིིའི་་སྟེང་མི་དུང་ཕྱུར་བདུན་ཅུ་དོན་གྲངས་ཡོད་པ་དེ་དག་བསམ་བློ་གཏོང་སྐབས། སོ་སོ་གཅིག་པུའི་དོན་དུ་བསམ་བློ་བཏང་བ་མིན་པར་འགྲོ་བ་སྤྱིའི་བསམ་བློ་བཏང་ནས་ཆོག་ཤེས་བྱེད་དགོས་རྒྱུ་དེ་བྱམས་བརྩེ་དང་འབྲེལ་བའི་ཆོག་ཤེས་སླེབས་ཀྱི་ཡོད། བཟོད་པ་ནི་དེ་དེ་བཞིན་ནོ། མིས་སོ་སོར་ངན་སྨྲས་བརྗོད་པ་དེ་སེམས་ནང་ཉར་ཏེ་གནག་པོ་བྱེད་རྒྱུ་མེད། བཟོད་བསྲན་དགོས་རེད་ཅེས་པ་དེ་དག་ཚང་མ་བྱམས་བརྩེ་དང་འབྲེལ་བ་ཡོད། དེར་བརྟེན་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མས་འདི་ལྟར་གསུང་བཞིན་ཡོད། སངས་རྒྱས་པའི་བྱ་སྤྱོད་ཀྱི་ཐོག་ནས་མིར་གནོད་པ་བྱེད་རྒྱུ་དེ་གཙོ་བོ་སེམས་ཀྱི་ཁྱད་པར་གྱི་ཐོག་ནས་ཡོང་བཞིན་ཡོད། གནོད་སེམས་དང་ཞེ་སྡང་། ང་རྒྱལ་དེ་ཚོ་གྲས་ཀྱི་བྱེད་བཞིན་ཡོད། དེ་དག་ནི་ང་ཚོའི་སེམས་དེ་མ་དུལ་བར་ཉོན་མོངས་པའི་གཞན་དབང་དུ་ཕྱིན་ཏེ་ཡོང་བཞིན་ཡོད། ཉོན་མོངས་ལ་ལྟ་མིན་གྱི་ཉོན་མོངས་དང་། ལྟ་བར་གྱུར་བའི་ཉོན་མོངས ། ཤེས་རབ་ཀྱི་ཉོན་མོངས་ཞེས་གསུངས་ཡོད་པ་དེ་དག་ལ་ཉམས་ཞིབ་བྱེད་སྐབས། ང་རྒྱལ་ལ་སོགས་པ་མང་པོ་ཞིག་ལྟ་མིན་གྱི་ཉོན་མོངས་རེད། ཤེས་རབ་ཀྱི་ཉོན་མོངས་དེ་དག་ལྟ་བར་གྱུར་བའི་ཉོན་མོངས་ཆགས་ཡོད། དེ་དག་གིས་ལྟ་མིན་གྱི་ཉོན་མོངས་སྐྱེ་རྒྱུའི་རྨང་གཞི་ཤེས་རབ་ཀྱི་ཉོན་མོངས་ཀྱིས་བྱེད་བཞིན་ཡོད།
སངས་རྒྱས་པའི་གཞུང་ཚང་མའི་ནང་རྙོག་གྲ་བཟོ་མཁན་གཙོ་བོ་ང་ཞེས་ཧ་ཅང་གི་བསམ་བློ་ཤུགས་ཆེ་བཏང་བའི་རྐྱེན་གྱི་ཡོང་བཞིན་ཡོད་པ་གསུངས་ཡོད། ལྟ་མིན་གྱི་ཉོན་མོངས་དེ་ཚོ་གྲས་ཁ་ཐུག་གི་གཉེན་པོ་བསྟེན་དགོས་པ་དང་། གཙོ་བོ་ཤེས་རབ་ཀྱི་ཉོན་མོངས་ལ་གཉེན་པོ་བསྟེན་ནས་ཤུགས་བཅག་དགོས། ཞེས་དང་། ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྟོན་པ་བཅོམ་ལྡན་འདས་ཀྱི་གདུལ་བྱའི་ཁམས་དང་མོས་པ་དང་བསྟུན་ནས་གསུངས་ཡོད། སྔོན་ལ་ང་ཚོ་མི་ཞིག་ཡིན་པའི་ངོས་ནས་འཛམ་གླིང་འདིིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་བདེ་ཞིང་སྐྱིད་པ་དང་། བག་ཕེབས་པ་མདོར་ན་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བཟོ་དགོས་རྒྱུ་ཞིག་ཆོས་ཀྱི་ཉམས་ལེན་ངོ་ཐོག་དེ་ལྟ་བུའི་ཐོག་ནས་སླེབས་ཀྱི་ཡོད། གང་ལྟར་སྤྱི་ཚོགས་ཀྱི་ཐོག་སེམས་ཁུར་གང་ཡང་མེད་པར་སོ་སོའི་གདན་སྒང་དེར་སེམས་ཅན་ཐམས་ཅད་ཅེས་བརྗོད་ན་དེ་ནི་ཚིག་ཙམ་ལྟ་བུ་རེད། སེམས་ཅན་ཐམས་དང་བདེ་བ་ལྡན་ཅིང་སྡུག་བསྔལ་མི་ཡོང་བར་ཤོག་ཅེས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཡིན་ན།འཛམ་གླིང་འདིའི་སྟེང་གི་མིའི་འགྲོ་བ་དེ་དག་དངོས་ལ་བརྒྱུད་པའི་ཐོག་ནས་གང་ཙམ་ཁ་ཡོད་ལག་ཡོད་དང་མིག་མཐོང་ལག་ཟིན་གྱི་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོད་པ་དེར་ངེས་པར་དུ་བསམ་བློ་གཏོང་དགོས། དེར་བརྟེན་ཆོས་ཡོད་རུང་མེད་རུང། ཆོས་ལུགས་དགའ་མ་དགའ། འཇིག་རྟེན་བཀོད་པ་པོ་འདོད་རུང་མི་འདོད་རུང་། གང་ལྟར་ཚང་མས་མིར་ཕན་གྱི་ཡོད་སྟབས། ཆོས་ལུགས་མི་འདྲ་བ་ཚང་མས་གཞན་ལ་ཕན་པ་དང་མི་བཟང་པོ་བྱེད་དགོས་པའི་བསླབ་བྱ་གཅིག་མཚུས་རེད། དེ་རིང་དུས་འཁོར་དབང་ཆེན་ཉིན་མཐའ་མ་དེ་རེད། འདིར་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ནས་མི་མང་པོ་ཞིག་ཆེད་མངགས་སླེབས་ཡོད། དངོས་གནས་བྱས་ན་གོམས་གཤིས་དང་རིག་གཞུང་གི་ཐོག་ནས་མི་འདྲ་བ་ཆགས་ཡོད། སངས་རྒྱས་པའི་ཆོས་དེ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཞིབ་འཇུག་བྱས་ཏེ་འགྲོ་གི་ཡོད་སྟབས། དེང་སྐབས་ཚན་རིག་པའི་ཁྲོད་དོ་སྣང་བྱེད་བཞིན་པ་ཞིག་ཆགས་ཡད། ལོ་རྒྱུས་ཀྱི་ཐོག་ནས་སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་འཇུག་མཁན་རྒྱ་ཆེ་ཤོས་དང་མང་ཤོས་ནི་རྒྱ་མི་རིགས་ཆགས་ཡོད། རྒྱ་ནག་སྐམ་ས་ནས་རྒྱ་མི་རིགས་གང་ཙམ་སླེབས་འདུག ཐེ་ཝན་དང་སིངྒ་པུར་སོགས་ནས་གང་ཙམ་སླེབས་འདུག དེ་བཞིན་ཉི་ཧོང་དང་ཀོ་རི་ཡ་དེ་དག་སངས་རྒྱས་པའི་ཆོས་བརྒྱུད་འཛིན་མཁན་གཅིག་པ་ཆགས་ཡོད། བཀའ་འགྱུར་དང་བསྟན་འགྱུར་བཀླག་རྒྱུ་དེ་བོད་གངས་ཅན་གྱི་བོད་རིགས་ཙམ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་པོས་ཀྱང་བཀའ་འགྱུར་དང་བསྟན་འགྱུར་ལ་དད་པ་གཅིག་མཚུངས་ཡོད། དེ་བཞིན་བྱང་རྒྱུད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་པ་དང་། ཝ་ལུང་། རྟ་མང་སོགས་གང་ལྟར་ཁྱེད་རང་ཚོ་བལ་ཡུལ་ལ་ཡོད་མཁན་ཚང་མས་བཀའ་འགྱུར་དང་བསྟན་འགྱུར་ལ་དད་པ་རྩེ་གཅིག་དང་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་ཉམས་སུ་ལེན་མཁན་གཅིག་པ་ཆགས་ཡོད།
ང་ཚོ་བོད་མི་བཙན་བྱོལ་བ་ཆ་བཞག་ན་བཙན་བྱོལ་ཡུལ་གྱར་ནས་ལོ་ ༥༧ བརྒལ་ནས་འགྲོ་བཞིན་ཡོད། འོན་ཀྱང་ང་ཚོ་ཚང་མས་ལྷག་བསམ་རྣམ་དག་སྙིང་སྟོབས་སྐྱེད་ནས་དཀའ་ངལ་གདོང་ལེན་བྱས་ཏེ་འདིར་བསྡད་པ་རེད། རྒྱ་གར་ལྷོ་ཕྱོགས་དང་བྱང་རྒྱུད་ཀྱི་དགོན་པའི་དགེ་འདུན་པ་དེ་དག་གིས་མཁྱེན་གྱི་རེད། ང་ཚོས་ཐོག་མར་མཐུན་རྐྱེན་སྐྱོ་པོ་དང་དཀའ་ལས་ཧ་ཅང་བརྒྱབ་སྟེ་ས་ཞིང་མེད་སར་ས་ཞིང་བཟོ་རྒྱུ་སོགས་དཀའ་ལས་བརྒྱབ་ཡོད། གཙོ་ཆེ་རྒྱ་གར་གཞུང་གི་བཀའ་དྲིན་དང་དེའི་ནང་ཚན་ནས་པན་ཌི་ཏ་ནེ་རུ་ནི་དམིགས་བསལ་གྱིས་བོད་པའི་ཐོག་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཞིག་བརྗོད་ཆོག་པ་རེད། ཀར་ན་ཊ་ཀ་མངའ་སྡེའི་མེ་སོར་ལྟ་བུ་ཆ་བཞག་ན་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དུས་ཡུན་དེའི་རིང་ང་ཚོ་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་གྱི་ས་ཁུལ་འདྲ་མིན་ནང་གཞིས་ཆགས་ནས་ཡོད་པ་དེ་དག་ཚང་མས་ཧུར་ཐག་འབད་ཐག་བྱས་ཡོད། ལྷག་པར་བཤད་གྲྭ་ཁག་དེ་དག་གིས་སློབ་གཉེར་བརྒྱབ་རྒྱུར་ཚ་དྲོད་ཀྱི་དཀའ་ངལ་འཛེམས་མེད་ཐོག་དཔེ་ཆ་བལྟ་རྒྱུའི་ཐོག་ཧུར་ཐག་བྱས་ཡོད། དེའི་ནང་ནས་དགེ་བཤེས་བླ་མ་ཚོས་ཧུར་ཐག་འབད་ཐག་བྱས་ནས་ཧ་ཅང་ཡག་པོ་ཡིན། གང་ལྟར་ཁྱེད་རང་ཚོས་དུས་འཁོར་དབང་ཆེན་ཞུས་ནས་སེམས་པ་བཟང་པོ་བྱེད་རྒྱུ་ཞིག་འཁྱེར་རྒྱུ་ཡོད་པ་དགོས། སེམས་པ་བཟང་པོ་བྱེད་རྒྱུ་དེ་རང་གི་དགའ་སར་སེམས་པ་བཟང་པོ་བྱེད་རྒྱུ་ཟེར་གྱི་མེད། སེམས་པ་བཟང་པོ་བྱས་ན་ཁེ་ཕན་གང་ཡོད་པ་དང་སེམས་པ་ངན་པ་བྱས་ན་གྱོང་གང་ཡོད་པ་དེ་དག་ཤེས་པར་བྱེད་དགོས། སེམས་པ་བཟང་པོ་དང་ངན་པ་རྒྱུ་དང་རྐྱེན་གང་ལ་བརྟེན་ནས་ཡོང་བཞིན་ཡོད་པ་དེའི་ཐོག་རྩད་གཅོད་བྱས་པའི་ཐོག་ནས་མི་ཚེ་འདི་ཉོན་མོངས་པའི་གཞན་དབང་དུ་མི་འགྲོ་བར་བྱས་ན། སོ་སོའི་མི་ཚེ་འདི་ཡ་རབས་ཞིག་དང་སོ་སོའི་འབྲེལ་བ་ཡོད་པ་དེ་དག་ལ་ཕན་པ་ཡོད་པ་ཞིག་མ་གཏོགས་གནོད་པ་མི་སྐྱེལ་མཁན་ཞིག་ཡོང་གི་རེད།
ཐེངས་འདིའི་དུས་འཁོར་དབང་ཆེན་དང་བསྟུན་ནས་ང་ཚོས་འདི་འདྲ་ཞིག་བྱེད་ཀྱི་ཡིན་བསམ་པ་ཞིག་ཚང་མས་སེམས་ལ་བཞག་དགོས། དུས་འཁོར་དབང་ཆེན་ཞུ་སྐབས་གནམ་གཤིས་སྐྱོ་པོ་དང་མཐུན་རྐྱེན་མ་ཚང་བ་ཡོད། ངོས་རང་ལྟ་བུ་ཆ་བཞག་ན་ཁ་སང་ནས་ཕྲན་བུ་མང་དྲགས་པ་ལྟ་བུ་ཆགས་སོང་། རྡ་ས་ནས་ཐོན་རྗེས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ནས་བྲེལ་བ་ཚ་པོ་ཆགས་རྗེས་འདིར་ཡོང་བ་རེད། དེར་བརྟེན་ཕུང་པོའི་ངོས་ནས་འགན་ཁུར་ཕྲན་བུ་ཆེ་དྲགས་པ་ལྟ་བུ་ཆགས་སོང་། དེ་རིང་དབང་བདེ་ལེགས་ངང་གྲུབ་པ་རེད། འདིར་མི་མང་པོ་ཞིག་འདུས་ཏེ་ཆོས་ཀྱི་སྙིང་པོ་དེ་བྱང་ཆུབ་ཀྱི་སེམས་རེད། བྱང་ཆུབ་ཀྱི་སེམས་ནི་བློ་གྲོས་དང་ལྡན་པའི་གཞན་ཕན་གྱི་བསམ་པ་ཞིག་ཡིན་པ་རེད། དེའི་ཐོག་ཁ་སང་ཉིན་ཤས་རིང་བྱང་ཆུབ་སེམས་བྱུང་གི་ལེགས་བཤད་རྨད་དུ་བྱུང་བ་སྤྱོདའཇུག་གི་བཤད་ལུང་ཞུས་ཏེ་ངོས་རང་ཡང་བློ་བདེ་པོ་བྱུང་། ཁྱེད་རང་ཚོས་དཔེ་ཆ་ལག་པར་འཁྱེར་ནས་དུས་དུས་སུ་བསམ་བློ་བཏང་བ་དང་། དཔྱད་འཇོག་གི་སྒོམ་ཟུང་འབྲེལ་ཐོག་ནས་འགྲོ་བ་ཡིན་ན་ལོ་རེ་ནས་ལོ་རེ་རང་ཉིད་ཀྱི་སེམས་རྒྱུད་ཞི་ཞིང་དུལ་བ་དང་། དུལ་བའི་ལག་རྗེས་ལ་མི་ཚེ་སྐྱིད་པ། ལུས་བདེ་བ། དངངས་སྐྲག་ཆུང་བ་ཡོང་གི་རེད། ཚེ་འདི་སྐྱིད་པ་མ་ཟད་མི་ཚེ་འདིའི་རིང་ག་ཚོད་ཐུབ་ཐུབ་ཀྱི་བྱང་ཆུབ་ཀྱི་སེམས་བསམ་བློ་བཏང་ནས་གོམས་འདྲིས་ལྟ་བུ་གང་ཙམ་བྱུང་ན་འཆི་ཁར་ཡང་དེར་ཉམས་ལེན་བྱེད་ཐུབ་ཀྱི་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་བྱེད་ཐུབ་ཀྱི་རེད། དེ་ལྟར་བྱུང་ན་སྐྱེ་བ་ཕྱི་མ་མི་ལུས་བཟང་པོ་ཞིག་ཐོབ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་རེད། ཚང་མས་ཆོས་ཞུས་ནས་འཁྱེར་རྒྱུ་ཡོད་པ་ཞིག་དགོས། གཞན་དཀའ་ལས་ཁག་རོགས་ལྟ་བུ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།།